སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གི་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད།

༄༅། །འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་དཔལ་ལྡན་བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཙོ་གཞོན་པས་དབུས་པའི་བཀུར་འོས་སྤྱི་འཐུས་རྣམ་པ་ལ་ཐོག་མར་ངས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

གྲོས་ཚོགས་ཚོགས་དུས་ ༨ པ་འདིར་སྤྱི་འཐུས་མི་གྲངས་ ༤༥ ཡོད་པའི་ནང་ནས་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སྤྱི་པའི་རྩ་དོན་ཆེད་དུ་སྒེར་གྱིས་འགྲོ་སོང་བཏང་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པར་བརྟེན་ཚོགས་དུས་ཆ་ཚང་དགོངས་པ་ཞུས་སོང་། ཁོང་མ་གཏོགས་གཞན་ཆ་ཚང་གྲོས་ཚོགས་ནང་ཕེབས་ཡོད་པ་རེད། དེ་རིང་གི་གྲོས་ཚོགས་ཚོགས་དུས་ ༨ པ་འདིར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ ༩ ཙམ་ཞིག་དང་། དེ་ཡང་སྤྱི་ཟུར་རྣམ་པ་གསུམ་སྐུ་ཚེ་འཕེན་པར་རྫོགས་པ་དང་། དེ་ནས་ཨ་རིའི་ Senate བོད་དོན་ཐོག་རྒྱབ་སྐྱོར་ཡུན་རིང་གནང་མཁན་ཞིག་སྐུ་ཚེ་མ་ཟིན་པ་དང་། དེ་དེ་བཞིན་ང་ཚོའི་གྲོགས་པོ་རྒྱ་གར་ཁ་ཤས་ཤིག་སྐུ་ཚེ་མ་ཟིན་པ་ལ་སོགས་པ་ཁོང་ཚོའི་ཆེད་དུ་མྱ་ངན་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་ ༩ ཙམ་ཞིག་དང་།

དེ་ནས་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཅིག་དང་། ཁྲིམས་འཆར་ ༥ ཙམ་འཛིན་སྐྱོང་བཀའ་ཤག་གིས་འགན་འཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་ཕུལ་དགོས་པ་ཇི་བཞིན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པ་ཤོག་གྲངས་ཁྱོན་བསྡོམས་ ༢༥༠༨ ཙམ་ཞིག་ཕུལ་ཡོད་པ་རེད། དེ་དག་སྤྱི་འཐུས་རྒྱུན་ལས་སྡེ་ཚན་སོ་སོས་ཐུགས་ཞིབ་གནང་། ཐུགས་ཞིབ་གནང་ནས་དོགས་འདྲི་ཁག་དང་ནོར་བཅོས་ལ་སོགས་པ་དེ་དག་གྲོས་ཚོགས་ནང་རིམ་བཞིན་འབྱོར་ཡོང་གི་རེད། དེ་དེ་བཞིན་ལས་བསྡོམས་བསྡུས་པ་དེ་འབྲེལ་ཡོད་བཀའ་བློན་སོ་སོས་གྲོས་ཚོགས་ནང་སྙན་སྒྲོན་གནང་། དེའི་རྗེས་འབྲེལ་གྱི་བགྲོ་གླེང་དང་དྲི་བ་དྲིས་ལན་ལ་སོགས་པ་ཡོང་རྒྱུའི་གནས་སྟངས་ཤིག་ཆགས་ཡོད།

དེ་སྔོན་ཚོགས་དུས་ ༧ པ་གྲོལ་བ་ནས་བཟུང་ཚོགས་དུས་ ༨ པ་མ་ཚུགས་བར་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༧ པ་དེ་ (Riga) ལ་ཚོགས་ཐུབ་པ་བྱུང་ཡོད། དེ་ཡང་གཙོ་བོ་དེ་བོད་དོན་རྒྱབ་སྐྱོར་གནང་སྡོད་མཁན་ (Janis Martin Skuja) ཁོ་རང་གིས་ཐུགས་འགན་གཙོ་བོ་བཞེས་གནང་བ་རེད། དེར་བརྟེན་ཁོ་རང་གཙོ་བོར་འགྱུར་བའི་ཚོགས་བཅར་བ་ཚང་མར་སྡིངས་ཆ་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།

ཉེ་ཆར་ཕྱི་ཟླ་ ༩ པའི་ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ལ་ (The Tibetan Policy and Support Act of 2019) ཞེས་པ་ཞིག་འདོན་གནང་བ་རེད། གྲོས་ཚོགས་གོང་མའི་ནང་ལ་ཁྲིམས་འཆར་དེ་འགྲོ་ཡི་ཡོད་པ་རེད། ཁྲིམས་འཆར་འདིའི་ཆེད་དུ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ཕྱག་ལས་གནང་མཁན་ཚང་མ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། དེ་ནས་ཟླ་དྲུག་དེའི་ནང་ལ་ང་ཚོ་ལོ་གཉིས་དང་ཕྱེད་ཀའི་ས་བགོས་ཕྱོགས་བསྐྱོད་གཉིས་པ་དེ་འགོ་བཙུགས་པ་རེད། འགོ་བཙུགས་པ་ནང་བཞིན་གྱི་ས་ཁུལ་གང་ལ་གང་འཚམ་ཞིག་ལ་ཕེབས་ཟིན་པ་རེད། ད་དུང་ཡང་ས་གནས་ཁ་ཤས་ལ་ཕེབས་རྒྱུ་ལྷག་བསྡད་ཡོད། དེ་ནས་ཨ་རིའི་གྲོས་ཚོགས་འཐུས་མི་རེད། དེ་དེ་བཞིན་གྱི་འཇར་མན། རྒྱ་གར་ནང་གི་སྐུ་མགྲོན་མང་པོ་ཞིག་ང་ཚོས་སྣེ་ལེན་ཞུ་རྒྱུའི་གོ་སྐབས་ཤིག་ཀྱང་བྱུང་སོང་ཞེས་སྙན་སྒྲོན་ཞུ་རྒྱུ་ཡིན། དེ་བཞིན་དུ་ཚོགས་དུས་སྔ་མ་གྲོལ་བ་ནས་བཟུང་སྟེ་ད་ལྟའི་ཚོགས་དུས་འདིའི་བར་ལ་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཐེངས་ ༣༡ ཙམ་ཞིག་བསྐོང་ཚོགས་གནང་འདུག གཙོ་བོ་བར་བརྒལ་བཀའ་འཁྲོལ་མང་ཤོས་ཤིག་ཡོང་བསྡད་ཀྱི་ཡོད་པ་རེད། དེ་མིན་གྱི་གནད་དོན་མང་པོ་ཞིག་ལ་ཐག་གཅོད་གནང་བ་ཞིག་ཆགས་བསྡད་ཡོད། དེ་ནས་ཟླ་དྲུག་དེའི་ནང་ལ་རྩ་བའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་དེའི་ཐོག་ལ་སྤྱི་འཐུས་ཆ་ཚང་ལོག་ཐེངས་གཅིག་ཕེབས་ཟིན་པ་རེད། གཉིས་པ་དེ་ད་ལྟ་འགྲོ་བཞིན་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད། དུས་ཡུན་དེའི་ནང་ཨ་རི་ཁུལ་ལ་ཞུ་གཏུག་གི་ལས་འགུལ་དེ་ཟིན་པ་རེད། འབྱུང་འགྱུར་ཡུ་རོབ་ཀྱི་ས་ཁུལ་ཁག་འགའ་ཤས་ཤིག་དང་། ཨོ་སི་ཀྲོ་ལི་ཡར་ཕེབས་འཆར་གྱི་གནས་སྟངས་ཤིག་ཆགས་བསྡད་ཡོད། གཞན་ཡང་མང་གཙོའི་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་ལོ་མང་པོའི་སྔོན་ནས་ས་གནས་འཐུས་མིའི་ཚོགས་འདུ་ལ་སོགས་པ་དེ་དག་ལ་ང་ཚོས་ཟབ་སྦྱོང་ཞིག་ཕུལ་བསྡད་ཀྱི་ཡོད་པ་རེད། ཟླ་དྲུག་དེའི་ནང་བཙན་བྱོལ་བོད་མིའི་གནས་ཡུལ་ནང་ནས་མི་འབོར་མང་ཤོས་གྲས་མོན་གྷོ་ས་གནས་འཐུས་མིའི་ཚོགས་འདུ་རེད། ཀོ་ལི་གྷལ། ཧོན་སུར། སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་ཀྱི་རང་བཙན་ཚོགས་ཆུང་གི་སྐུ་ཚབ་བཅས་ལ་ང་ཚོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལ་སོགས་པའི་ཐོག་ལ་ཟབ་སྦྱོང་ཞིག་ཕུལ་རྒྱུའི་གོ་སྐབས་བྱུང་སོང་ཞེས་ཞུ་འདོད་བྱུང་།

ང་རང་ཚོ་དེ་དག་མི་མང་གིས་འོས་འདེམས་གནང་བཞག་པའི་སྐུ་ཚབ་ཅིག་ཆགས་བསྡད་ཡོད་པ་རེད། འཛིན་སྐྱོང་བཀའ་ཤག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འགན་འཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་འབུལ་དགོས་ཀྱི་ཡོད་པ་ཇི་བཞིན་ང་ཚོ་སྤྱི་འཐུས་རྣམ་པ་ཚོས་རྒྱ་ཆེའི་མང་ཚོགས་ལ་འགན་འཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་འབུལ་དགོས་ཀྱི་ཡོད་པ་རེད། འདི་འདྲ་ཡིན་ཙང་ང་རང་ཚོའི་ངོས་ནས་མི་མང་གི་མངོན་འདོད་གཞིར་བཟུང་གང་འདྲ་བྱེད་དགོས་ཀྱི་འདུག འདི་ཚོའི་ཐོག་ལ་དགོངས་པ་ཡག་པོ་ཞིག་བཞེས་དགོས་པའི་གནད་འགག་ཅིག་ཆགས་བསྡད་ཀྱི་འདུག སྐབས་རེ་མི་མང་གི་དགོངས་ཚུལ་ནང་ལ་སྤྱི་ཚོགས་ནང་ལ་མཐུན་མ་མཐུན་དང་འགྲིག་མ་འགྲིག་དེ་དག་འགོ་བཙུགས་ས་དེ་གྲོས་ཚོགས་ནང་ནས་ཡོང་གི་འདུག་ཅེས་གསུངས་ཀྱི་འདུག གལ་སྲིད་དེ་ལྟར་ཡིན་ན་ཧ་ཅང་གི་བློ་ཕམ་དགོས་པའི་གནས་ཚུལ་ཞིག་རེད། གང་ལྟར་དེ་སྔ་གང་བྱུང་བ་དེ་འདས་པའི་ལོ་རྒྱུས་ཤིག་རེད། ད་ནས་བཟུང་སྟེ་ང་ཚོའི་སྤྱི་ཚོགས་ནང་ལ་མ་འགྲིག་པ་དང་མ་མཐུན་པ་དང་། མ་འཆམ་པ་ཅི་ཞིག་བྱུང་ཡོད་པ་ཡིན་ནའང་། མཐུན་པ་བཟོ་རྒྱུའི་འགོ་དེ་ང་ཚོས་འདི་ནས་བཙུགས་དགོས་ཀྱི་རེད་བསམ་གྱི་འདུག ང་ཚོས་ག་དུས་ཡིན་ནའང་དགོངས་པའི་ནང་ལ་འཇོག་དགོས་པ་དེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ནང་ལ་ག་རེ་ཕེབས་ཡོད་པ་རེད་ཅེ་ན། ང་ལ་གྲོགས་པོའི་འདུ་ཤེས་ཏོག་ཙམ་ཡོད་པ་ཡིན་ན། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་དེ་ནམ་ཡང་མ་བྱེད་ཅེས་བཀའ་སློབ་ཟབ་མོ་ཞིག་ཕེབས་ཡོད། འདི་ཚོའི་གྲས་ཏེ་ག་དུས་ཡིན་ནའང་སོ་སོའི་བློ་ལ་འཆར་དགོས་པ་དང་། བཀའ་སློབ་དེ་ཐུགས་ལ་དྲན་པ་གནང་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་མིན་ནམ་བསམ་གྱི་འདུག དེར་བརྟེན་དོན་དམ་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་གྲུབ་པའི་རྗེས་ལ་རྩ་བའི་བླ་མ་རྣམ་པ་ཚོ་ཐུགས་དགྱེས་པ་ཞིག་དང་མི་མང་རྣམས་བློ་བདེ་པོ་ཡོང་ཐུབ་པ་བཟོ་དགོས་པ་དེ་ང་ཚོ་ཚང་མའི་ལས་འགན་ཆགས་བསྡད་ཡོད་པ་རེད། ང་ཚོ་མི་རེ་ངོ་རེའི་ལས་འགན་ཆགས་བསྡད་ཡོད་པ་རེད། འདི་ཚོའི་ཐོག་ལ་ཚང་མས་ཐུགས་སྣང་གནང་རོགས་གནང་། རྩ་བའི་མི་སོ་སོའི་སྒེར་གྱི་ལྟ་གྲུབ་མཐུན་མ་མཐུན་ཟེར་བ་དེ་ཡོང་ཆོག་གི་རེད་ལ་ཡོང་དགོས་ཀྱི་ཡང་རེད། ཡིན་ནའང་དེ་བེད་སྤྱོད་ལོག་པ་བཏང་བ་ཡིན་ན་འགྲིག་གི་ཡོད་པ་མ་རེད། དེར་བརྟེན་ང་རང་ཚོ་ནང་ལ་མ་མཐུན་པ་ག་རེ་ཡོད་པ་ཡིན་ནའང་མཐུན་པ་བཟོ་རྒྱུའི་ལམ་ཁ་ག་རེ་འདུག འདི་ང་རང་ཚོས་འཚོལ་དགོས་པ་དེ་གལ་འགངས་ཆེན་པོ་རེད་ལ། དེ་བཞིན་ང་རང་ཚོ་ཕྱི་ལ་ཕེབས་པའི་སྐབས་སུ་ཡིན་ནའང་སོ་སོ་དང་འབྲེལ་བ་ཡོད་པའི་མི་མང་ཚོ་དང་གོ་བསྐོན་སློབ་གསོ་བྱས་ནས་གང་ལྟར་ང་ཚོའི་སྤྱི་ཚོགས་དེ་ལྷིང་འཇགས་པོ་ཞིག་དང་བག་ཕེབས་པོ་ཞིག ལྷག་པར་དུ་ང་ཚོའི་རྩ་དོན་རྩོད་རྒྱུར་རྡོག་རྩ་གཅིག་ཏུ་སྒྲིལ་ནས་འགྲོ་དགོས་ཀྱི་རེད་མ་གཏོགས་པས། ང་ཚོ་དུམ་བུ་མང་པོ་ཞིག་གྱེས་ཕྱིན་པ་ཡིན་ན་རྩ་དོན་རྩོད་རྒྱུར་ཧ་ཅང་གི་ཁག་པོ་ཆགས་ཀྱི་རེད། ང་རང་ཚོའི་སྤྱི་ཚོགས་ནང་ལ་མངོན་གསལ་དོད་པོ་མེད་པའི་ཐོག་ནས་ལས་འགན་ཡོད་པ་མང་པོ་ཡོད་པ་རེད། བྱས་ཙང་དེ་ཚོའི་ལག་ཆར་མ་འགྲོ་བ་གནང་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད་འདུག་ཅེས་ཞུ་འདོད་བྱུང་། དེ་ཡིན་དུས་ད་རེས་ཀྱི་ལས་དོན་མཐའ་དག་བཀྲ་ཤིས་ལོ་ལེགས་ངང་འགྲོ་རྒྱུར་ངས་སྨོན་འདུན་ཞུ་རྒྱུ་ཡིན། མཐའ་མ་དེར་རྣམ་པ་ཚོ་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།  །