སྐབས་ ༡༥ པའི་སྤྱི་ལྷན་ཚོགས་དུས་ ༢ པའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་ནས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།

ད་རེས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༦ ཉིན་མོ་འདིར་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་སླེབས་བསྡད་ཡོད་པ་རེད།  གྲོས་ཚོགས་འདིའི་ཐོག་ལ་བཀའ་བློན་ཁྲི་པ་འོས་འདེམས་བྱུང་ནས་དམ་བཅའ་ཕུལ་བའི་རྗེས་སུ་གྲོས་ཚོགས་སུ་ཆིབས་སྒྱུར་གནང་བ་དེ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།   ༸རྒྱལ་བ་རིན་པོ་ཆེས་མཚན་གསོལ་སྩལ་གནང་བཞག་པ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ད་རེས་གྲོས་ཚོགས་སུ་ཕེབས་པར་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་་ངོས་ནས་ཕེབས་བསུ་དང་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།  དེ་ག་ནང་བཞིན་མདོ་སྨད་སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་སྤྱི་ཚོགས་ལས་དོན་གལ་ཆེ་ཞིག་གི་ཆེད་དུ་དགོངས་པ་ཞུས་པའི་ཚབ་ཏུ་སྤྱི་འཐུས་ཨེམ་རྗེ་མཁྱེན་རབ་ལགས་ཕེབས་ཡོད་པ་རེད།  དེ་བཞིན་དབུས་གཙང་གི་སྤྱི་འཐུས་འོས་བསྡུ་དངོས་གཞིའི་སྐབས་སུ་བརྒྱ་ཆ་མ་ལོངས་པར་བར་མའི་འོས་བསྡུ་བྱེད་དགོས་པ་ཆགས་སྟབས། ད་ལྟ་བར་མའི་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བའི་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་།  སྤྱི་འཐུས་འཇིགས་མེད་འབྱུང་གནས་གསུམ་ཀར་གྲོས་ཚོགས་འདིར་ཕེབས་པར་དགའ་བསུའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།  ད་ལྟའི་གྲོས་ཚོགས་འདིའི་ནང་དུ་ལས་དོན་གལ་ཆེ་ཤོས་གཅིག་ནི་བཀའ་བློན་ཁྲི་པས་བཏོན་པའི་བཀའ་བློན་གཞན་རྣམས་ཀྱི་འོས་མི་གདམ་རྒྱུ་དེ་རེད།

 

ད་རེས་ཀྱི་ལས་རིམ་འགོ་འདི་འདྲ་ཞིག་གི་ཐོག་ནས་འཛུགས་ཀྱི་ཡོད་པ་རེད།  དེ་འདྲ་ཡིན་སྟབས་ད་ལྟ་བཀའ་བློན་གཞན་རྣམས་ཡོད་མ་རེད། དེ་རིང་ཉིན་གུང་དམ་བཅའ་ཕུལ་བའི་རྗེས་སུ་སང་ཉིན་གྲོས་ཚོགས་སུ་བཅར་རྒྱུ་རེད།

ད་རེས་བཀུར་འོས་ཚོགས་གཙོ་གཞོན་པ་དབུས་པའི་སྤྱི་འཐུས་རྣམ་པ་ཚང་མར་ཞུ་རྒྱུ་ཞིག་ལ།  སྐབས་བཅོ་ལྔ་པའི་ཚོགས་དུས་གཉིས་པའི་སྐབས་སུ་བཟློག་མེད་ཀྱི་དབང་གིས་གྲོས་ཚོགས་སུ་བཅར་མ་ཐུབ་པའི་སྤྱི་འཐུས་གཉིས་དང་གྲོས་ཚོགས་ཕྱེད་ཀར་བཅར་མ་ཐུབ་པའི་སྤྱི་འཐུས་གཅིག་མ་གཏོགས་འདིར་འབྱོར་བསྡད་པ་ཚང་མར་ཚོགས་གཙོའི་ངོས་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན།  མ་འོངས་པར་འདི་ལྟ་བུ་འཛོམས་ཐུབ་རྒྱུའི་རེ་བ་ཞུ་གི་ཡོད་ཅེས་ཞུ་རྒྱུ་ཡིན།

ང་ཚོ་བཙན་བྱོལ་ནང་དུ་བསླེབས་ཏེ་ལོ་ལྔ་བཅུ་ཆ་ཚང་གྲུབ་ནས་ལྔ་བཅུ་ང་གཅིག་གི་ནང་དུ་འགྲོ་བསྡད་པའི་སྐབས་འདིར།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་པ་ཆེ་བཞེས་ཀྱི་ཐོག་ནས་༸རྒྱལ་བ་རིན་པོ་ཆེ་ལ་སྐུ་དབང་གང་ཡོད་པ་དེ་དག་ཚང་མ་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་པ་རེད།  དེའི་དབང་གིས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཡིན་ནའང་འདྲ།  སྤྱི་འཐུས་རྣམ་པ་ཚོ་ཡིན་ན་ཡང་འདྲ། གཞུང་གི་ལས་བྱེད་ཡིན་ནའང་འདྲ། གཞུང་ཁོངས་མ་ཡིན་པའི་སྒྲིག་འཛུགས་ཡིན་ནའང་འདྲ་ཚང་མས་སྔར་དང་མ་འདྲ་བའི་འགན་འཐོལ་པ་ཞིག་འཁུར་དགོས་པའི་དུས་ཚོད་ཅིག་ལ་སླེབ་བསྡད་ཡོད་པ་རེད།  དེའི་ཞོར་ལ་བོད་ནང་གཉའ་གནོན་དང་གདུག་རྩུབ་མྱོང་བཞིན་ཡོད་པའི་བོད་མི་མང་དང་། བཙན་བྱོལ་ནང་ཡོད་པའི་བོད་མི་མང་ཚང་མར་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་འདིའི་ཐོག་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་།  ང་ཚོ་སྤྱི་འཐུས་རྣམ་པ་ཚོ་ཡིན་ན་ཡང་འགན་སྤྲད་པ་ནང་བཞིན་འགན་འཁུར་ཐུབ་རྒྱུའི་དམ་བཅའ་བརྟན་པོ་ཡོད་དགོས།

དེང་སང་འོས་བསྡུའི་ཆ་ཤས་ལེན་པའི་སྐབས་སུ་དང་དུ་བླངས་ནས་སྤྱི་པའི་འཐུས་མི་བྱེད་ཀྱི་ཡིན་ཟེར་ནས་ཡོང་བསྡད་ཀྱི་ཡོད་པ་རེད།   སྤྱི་པའི་རྩ་དོན་ལ་བསམས་ནས་སྡིངས་ཆ་འདིའི་སྟེང་དུ་སླེབས་བསྡད་ཡོད་པ་ཞིག་ལ་ཚོགས་གཙོ་སྦྲེལ་པོས་ངོས་འཛིན་ཞུ་གི་ཡོད།  དེ་འདྲ་ཡིན་སྟབས་སྤྱི་འཐུས་རྣམ་པ་ཚོས་འགན་འཁུར་ཐུབ་དགོས་པ་ཞིག་དང་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཀྱང་སྔར་དང་མི་འདྲ་བ་ཞིག་བྱེད་དགོས་པའི་དུས་ཚོད་ཅིག་ལ་ཏན་ཏན་སླེབས་བསྡད་ཡོད་པ་རེད།

བོད་ནང་རྒྱ་ནག་གིས་སྲིད་བྱུས་གང་འདྲ་བཟུང་བསྡད་ཡོད་པ་དེ་ང་ཚོས་ཤེས་ཤེས་པ་རེད།   བསྐྱར་ཟློས་བྱེད་དགོས་མ་རེད་དེ།  བོད་དང་ས་ཁུལ་གཞན་པའི་ནང་ལ་རྒྱ་ནག་གིས་སྲིད་བྱུས་བཟུང་བསྡད་ཡོད་པ་དེ་གདུག་རྩུབ་དང་གཉའ་གནོན་ཁོ་ན་བྱེད་རྒྱུ་མ་གཏོགས།   མི་མང་དེ་དག་གི་དཀའ་ངལ་སེལ་རྒྱུའི་ཐབས་ཤེས་བྱེད་ཀྱི་མེད་པ་དེ་གསལ་པོ་རེད།  རྒྱ་ནག་གཞུང་གིས་འཛིན་པའི་སྲིད་བྱུས་དེ་ནོར་འཁྲུལ་ཡིན་པ་དང་རྒྱ་ནག་གཞུང་གིས་ད་ལྟ་བཤད་བསྡད་པའི་གྲངས་ཉུང་མི་རིགས་ནང་ལ་འཆམ་མཐུན་ཡོང་བ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་ལ་འཆམ་མཐུན་ཡོང་བ།  རྒྱལ་སྤྱིའི་ནང་དུ་འཆམ་མཐུན་ཡོང་དགོས་ཟེར་བ་དེ་སྲིད་བྱུས་དེ་འདྲ་ཞིག་བཟུང་བའི་ཐོག་ནས་ཡོང་ཐབས་མེད་པ་ཞིག་དང་།  ལྷག་པར་དུ་བོད་དང་། ཡུ་གུར། སོག་པོའི་ས་ཁུལ་ལ་དེ་བཞིན་ཆགས་བསྡད་ཡོད་པ་རེད།  ད་ལྟའི་དུས་སྐབས་སུ་སྤྱི་ཚོགས་ལ་ཤུགས་རྐྱེན་སྤྲོད་ཐུབ་མཁན་གང་ཟག་ཅིག་ཐོན་པ་ཡིན་ན་དེའི་གཉའ་གནོན་རྒྱུ་རང་མ་གཏོགས།  ཆེ་མཐོང་སྤྲོད་པ་དང་དེ་དག་གི་བསམ་ཚུལ་རྣམས་ལ་ངོས་ལེན་བྱས་ནས་འགྱུར་བ་གཏོང་རྒྱུའི་ཐབས་ཤེས་བྱེད་ཀྱི་མེད་པ་དེ་གསལ་པོ་རེད།  གཞས་གཏོང་མཁན་ཡིན་ནའང་འདྲ། རྩོམ་པ་པོ། མཁས་དབང་།  བླ་མ་སྤྲུལ་སྐུ་སུ་ཡིན་ན་ཡང་འདྲ་འབུར་འཇོམས་གཏོང་རྒྱུ་རང་གི་བསམ་བློ་ལས་མེད་པ་ཞིག་དང་།  ད་ལྟའི་མཁྲེགས་བཟུང་གི་སྲིད་བྱུས་ཤིག་འཛིན་གྱིན་ཡོད་པ་དེ་གསལ་པོ་རེད།

དེ་ག་ནང་བཞིན་བོད་ཀྱི་འབྲོག་ས་ཚང་མ་གཞིས་ཀར་བསྒྱུར་བ་དང་།  གྲོང་བརྡལ་དང་གྲོང་ཁྱེར་དུ་སྤོ་བཞིན་པ་དེ་ཚོ་ཚང་མ་རྒྱ་ནག་གི་སྲིད་བྱུས་ངན་པ་ཞིག་ཡིན་པ་ང་ཚོས་ཤེས་ཤེས་པ་རེད།  དེང་སང་གཏེར་ཁ་སྔོག་འདོན་བྱེད་པ་དེ་བོད་ནང་ཤུགས་ཆེ་རུ་གཏོང་གི་ཡོད་པ་དང་། ཁོར་ཡུག་གི་ཐད་ནས་བརྗོད་ན་གཙང་པོ་ཡན་ཆད་ཁ་བསྒྱུར་གྱི་ཡོད་པ་རེད།  དེས་རྒྱ་ནག་ཙམ་མ་ཡིན་པར།  ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་ལ་དོ་ཕོག་འགྲོ་རྒྱུའི་གནས་སྟངས་ཤིག་རང་བཞིན་གྱིས་ཆགས་བསྡད་ཡོད་པ་རེད།  དེ་འདྲ་ཡིན་སྟབས་ད་ལྟའི་གནས་སྐབས་སུ་འཛམ་བུ་གླིང་གི་ནང་དུ་ཆབ་སྲིད་ཀྱི་བཙན་བྱོལ་བ་མང་བ་ཡོད་ཀྱང་།  འབྱུང་འགྱུར་ལོ་བཅུ་ཕྲག་ཁ་ཤས་ཀྱི་ནང་ལ་ཁོར་ཡུག་གི་བཙན་བྱོལ་བ་མང་བ་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད།  ཁྱིམ་མཚེས་རྒྱལ་ཁབ་ནང་ལ་ཆུ་དང་།  ཐོན་སྐྱེད་ལ་བརྟེན་ནས་མ་འཆམ་པའི་རྩོད་གཞི་ཞིག་ཆགས་བསྡད་ཡོད་པ་རེད།  བོད་ནང་དུ་མི་འབོར་སྤོ་བཤུག་བྱེད་པ་དེ་ད་ལྟ་མྱུར་ཚད་དམའ་རུ་ཕྱིན་ཡོད་མ་རེད།  ཕྱི་ལོ་ ༢༠༠༨  ནས་བཟུང་ཁྱད་པར་ཕྲན་བུ་ཞིག་ཕྱིན་ཡོད་རེད་དེ།  བོད་ནང་དུ་རྒྱ་ནག་ཧན་མི་རིགས་སྤོ་བཤུག་གི་རྐྱེན་པས་ང་ཚོའི་མི་རིགས་ཀྱི་ངོ་བོ། ཆོས་དང་རིག་གཞུང་གང་ཅིའི་ཐད་ལ་དོ་ཕོག་འགྲོ་གི་ཡོད་པ་གསལ་པོ་རེད། དེ་ཚོའི་ཐོག་ལ་རྒྱ་ནག་གཞུང་གིས་བསམ་གཞིགས་བྱེད་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད།  དེ་ག་ནང་བཞིན་དེང་སང་བོད་ཀྱི་འཁྱགས་རོམ་གྱི་ཚད་དམའ་རུ་ཕྱིན་ནས་དྲོད་ཚད་ཆེ་རུ་འགྲོ་གི་ཡོད་པ་དང་། བོད་ཀྱི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཁྱིམ་མཚེས་རྒྱལ་ཁབ་མང་པོའི་ནང་ཆར་ཆུ་འབབ་པ་ལ་སོགས་པའི་ཤུགས་རྐྱེན་མང་པོ་ཞིག་ཐེབས་ཀྱི་ཡོད་པ་ཚན་རིག་པ་ཚོས་བཤད་བསྡད་ཀྱི་ཡོད་པ་རེད།  དེ་འདྲ་ཡིན་སྟབས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་བྱེད་དགོས་པ་དེ་གལ་ཆེན་པོ་རེད།

ད་ལྟའི་དུས་ཚོད་ལ་བོད་ནང་དུ་ཡོད་པའི་བོད་མི་ཚོ་ཡིན་ནའང་འདྲ།  ང་ཚོ་བཙན་བྱོལ་ནང་ཡོད་མཁན་ཚོ་ཡིན་ནའང་འདྲ།  ང་ཚོའི་ཆོས་དང་། རིག་གཞུང་། སྐད་ཡིག་དག་གི་ཐོག་ལ་དོ་སྣང་བྱེད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ད་རེས་གྲོས་ཚོགས་འདི་བརྒྱུད་ནས་ཞུ་རྒྱུའི་འདོད་པ་བྱུང་སོང་།  རྒྱ་ནག་གི་ནང་ལ་སྤྱི་ཡོངས་ནས་འགྱུར་བ་ཞིག་འགྲོ་གི་ཡོད་པ་དེ་ང་ཚོས་མཐོང་གི་ཡོད་པ་རེད།  དཔལ་འབྱོར་གྱི་ཐད་ལ་ཡར་རྒྱས་གང་ལ་གང་འཚམས་ཤིག་འགྲོ་གི་ཡོད་པ་དེ་ཡང་གསལ་པོ་རེད།  དཔལ་འབྱོར་ཡར་རྒྱས་ཕྱིན་པའི་ཉེར་ལེན་ལ་བརྟེན་ནས་རྒྱ་ནག་དམར་པོ་ཁོ་རང་ཚོའི་གཞུང་ལའང་དོ་ཕོག་འགྲོ་གི་ཡོད་པ་དེ་ཡང་གང་ལ་གང་འཚམས་ཤིག་རྟོགས་ཐུབ་པ་ཞིག་རེད།  ཡིན་ན་ཡང་། བོད་ཐོག་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་དང་ད་ལྟའི་རྒྱ་ནག་སྤྱི་ཡོངས་ཀྱི་གནས་སྟངས་ཀྱི་ཐོག་ནས་དཔལ་འབྱོར་དང་དམག་གི་ཡར་རྒྱས་ག་ཚོད་ཕྱིན་ཡོད་ན་ཡང་།  གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་དབྱེ་བ། དབུལ་ཕོངས་དང་ཕྱུག་པོའི་དབྱེ་བ། ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ཡོད་རེད་དེ།  རྒྱ་ནག་དམར་ཤོག་ཚོགས་པ་གཅིག་པུ་གནས་རྒྱུའི་ཆེད་དུ་ལས་གཞི་བང་སྒྲིག་གི་ཡོད་པའི་བཟོ་འདྲ་ཞིག་གི་གནས་སྟངས་འོག་ལ་སླེབས་བསྡད་ཡོད་པ་རེད།  རྒྱ་ནག་ནང་ལ་འགྱུར་བ་མྱུར་ཚད་མཐོན་པོའི་ངང་འགྲོ་གི་ཡོད་པ་རེད།   འབྱུང་འགྱུར་ལོ་བཅུ་དང་ཉི་ཤུའི་ནང་དུ་དེ་ལས་ཤུགས་ཆེ་རུ་འགྲོ་གི་རེད་བསམ་གྱི་ཡོད།  གང་ཡིན་ཟེར་ན་འཛམ་བུ་གླིང་འགྱུར་བ་འགྲོ་རྒྱུའི་དུས་ཚོད་དེ་ཐུང་དུ་ཐུང་དུ་འགྲོ་གི་ཡོད་པ་རེད། དེ་འདྲ་ཡིན་སྟབས་རྒྱ་ནག་ནང་གི་གནས་སྟངས་དང་བཙན་བྱོལ་དང་བོད་ནང་གི་གནས་སྟངས་ལ་གཞིར་བཅོལ་བའི་ཐོག་ནས་ང་ཚོས་ལས་གཞི་གང་འདྲ་ཞིག་བརྩམས་པ་ཡིན་ན་ཡང་དེའི་ནང་ལ་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱིས་འགན་ཁུར་ནས་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད།

རང་བཙན་ཡོད་མཁན་གྱི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཡིན་ཚེ་ཁྲིམས་རྐྱང་རྐྱང་ཞིག་བཟོས་ནས་སོ་སོ་ས་ཁུལ་གང་ནས་ཡོང་བ་ཡིན་ན་དེའི་མི་མང་གི་བདེ་སྡུག་ལ་བལྟ་རྒྱུའི་ཆེད་དུ་དུས་ཚོད་བཏང་བ་ཡིན་ན་འགྲིག་པའི་བཟོ་ལྟ་བུ་ཞིག་རེད།  ཡིན་ན་ཡང་ད་ལྟ་ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་སྟབས།  སྤྱི་འཐུས་རྣམ་པ་ཚོས་ཁྲིམས་བཟོ་བ་དང་འཛིན་སྐྱོང་ལ་སྟངས་འཛིན་བྱེད་རྒྱུ་ཙམ་མ་ཡིན་པར་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ཁྲོད་ལ་ངོ་སྤྲོད་གནང་ཐུབ་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོའི་ལས་འགན་ཞིག་ཆགས་བསྡད་ཡོད་པ་རེད།  ད་ལྟའི་བར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་གྱི་གོ་སྒྲིག་ཞུ་རྒྱུར་མུ་མཐུད་དུ་འགན་ཁུར་ནས་བསྡད་ཡོད་པ་རེད།  མ་འོངས་པར་ཞུ་འཆར་ཡོད་པ་དེ་ཚོ་ཡང་མུ་མཐུད་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་འགན་ཁུར་ནས་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཡིན་ན་ཡང་ད་ལྟའི་བར་དུ་གནང་བསྡད་ཡོད་པ་རེད།  དཔེར་ན། འདས་པའི་ཟླ་བ་གཅིག་ཙམ་གྱི་གོང་དུ་དཔལ་ལྡན་བཀའ་བློན་ཁྲི་པས་དམ་བཅའ་མ་ཕུལ་སྔོན་ནས་ཨ་རིའི་ནང་དུ་ཆེས་མཐོའི་མི་སྣ་མཇལ་འཕྲད་གནང་སྐབས་སོགས་ལ་བལྟས་པ་ཡིན་ན། རྒྱལ་སྤྱིའི་ཐོག་ནས་གསར་འགོད་པ་དང་ཆབ་སྲིད་མི་སྣ་ཚོས་བོད་ཀྱི་གནད་དོན་ཐོག་ལ་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་མངོན་གསལ་དོད་པོ་འདུག  ཡིན་ན་ཡང་ད་དུང་དེ་ལས་ལྷག་པའི་གདོང་ལེན་བྱེད་དགོས་པ་དེ་འདྲ་ཡོང་གི་རེད།

ང་ཚོའི་ཆབ་སྲིད་འགོ་ཁྲིད་ཀྱིས་འབྲེལ་ཡོད་སྲིད་འཛིན།  སྲིད་བློན་རྣམས་མཇལ་ཐུབ་ཀྱི་རེད་དང་མ་རེད།  དེ་ཚོའི་ཐོག་ཏུ་འབད་བརྩོན་ཤུགས་ཆེན་པོ་བྱེད་དགོས་པ་རེད།  རྒྱལ་སྤྱིའི་སྤྱི་ཡོངས་ཀྱི་ཐོག་ནས་བོད་པའི་གནས་སྟངས་ལ་ལྟ་སྟངས་བཟང་པོ་ཡོད་པ་ཚང་མས་མཁྱེན་གསལ་རེད་ལ། ལུང་པ་སོ་སོས་བོད་དོན་ཐོག་ལ་འཛིན་པའི་སྲིད་བྱུས་དེ་ཡང་ང་ཚོས་ཤེས་ཀྱི་ཡོད་པ་རེད།  ང་ཚོའི་འཐབ་རྩོད་དེ་དབུ་མའི་ལམ་ལ་བརྟེན་ནས་འགྲོ་བསྡད་ཀྱི་ཡོད་པ་དང་། ཇི་སྲིད་མང་ཚོགས་ནས་དབུ་མའི་ལམ་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་ཟེར་བའི་བསམ་ཚུལ་ཤུགས་ཆེན་པོོ་ཞིག་མ་བྱུང་བ་དང་།  དེ་ཡང་བརྒྱུད་རིམ་ཞིག་བརྒྱུད་ནས་འགྱུར་བ་གཏོང་རྒྱུའི་གནས་སྟངས་ཤིག་མ་བྱུང་བར་དུ་དབུ་མའི་ལམ་ཐོག་ནས་འགྲོ་རྒྱུའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད།  ༸རྒྱལ་བ་རིན་པོ་ཆེས་ཆོ་འཕྲུལ་སྨོན་ལམ་གྱི་སྐབས་སུ་བཀའ་སློབ་གནང་པ་ནང་བཞིན་དགོངས་པ་་ཧ་ཅང་གཏིང་ཟབ་པོ་བཞེས་ནས་ཐག་གཅོད་དེ་འདྲ་ཞིག་གནང་ཡོད་པ་རེད་མ་གཏོགས།  རྒྱུ་མཚན་རྩ་བ་ཉིད་ནས་མེད་པ་དང་གནད་དོན་གཞན་པའི་དབང་གིས་བྱུང་མེད་པ་དེ་གསལ་པོ་རེད་ཅེས་ཞུ་བསྡད་ཀྱི་ཡོད།

རྒྱ་ནག་གིས་རྒྱལ་སྤྱིའི་ནང་ལ་དམག་དང་དཔལ་འབྱོར་གྱི་སྟོབས་ཤུགས་ཀྱིས་གནོན་ཤུགས་སྤྲད་རྒྱུའི་ཐབས་ཤེས་བྱེད་བསྡད་ཀྱི་ཡོད་པ་རེད། དེའི་ཐོག་ནས་དཔལ་འབྱོར་གྱི་བརྒྱུད་ལམ་ཐོག་ནས་དཔལ་འབྱོར་སྐྱོ་སའི་རྒྱལ་ཁབ་ཨ་ཧྤི་རི་ཁ་དང་ལྷོ་ཨ་མི་རི་ཀ   ལྷོ་ཤར་ཨེ་ཤེ་ཡ་དེ་ཚོའི་ནང་ལ་ཡོད་པའི་ལུང་པའི་ཐོན་ཁུངས་དེ་ཚོ་སྔོག་འདོན་བྱས་ནས་འཛུགས་བསྐྲུན་མིག་གིས་མཐོང་རྒྱུ་ཡོད་པའི་བཟོ་འདྲ་འགའ་ཞིག་བྱེད་ཀྱི་ཡོད་སྟབས།  དེ་འདྲའི་རྒྱལ་ཁབ་དང་མི་རིགས་མང་པོས་རྒྱ་ནག་ལ་ལྟ་ཚུལ་དང་མཐོང་ཚུལ་མི་འདྲ་བ་ཡོད་པ་རེད།  དེ་འདྲ་བརྒྱུད་ནས་རྒྱ་ནག་གཞུང་གིས་དེང་སང་འཇམ་རྩུབ་གཉིས་ཀྱི་ཐོག་ནས་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད།                  འཇམ་པོའི་ནང་ནས་ཀོང་ཙེ་སློབ་གཉེར་ཁང་ Confucianism  ཟེར་བའི་སྒྲིག་འཛུགས་མང་པོ་ཞིག་གཙུག་ལག་སློབ་གཉེར་ཁང་མང་པོའི་ནང་བཙུགས་པ་དེ་འདྲ་བརྒྱུད་ནས་རྒྱ་ནག་གི་རིག་གཞུང་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་དང་།   དེའི་ཞོར་ལ་ཆབ་སྲིད་ཀྱི་ལས་ཀ་སྟེ་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཚོ་ལ་མཐོ་སློབ་སློབ་ཁང་ཚོའི་ནང་ལ་ལས་འགུལ་སྤེལ་དུ་མ་བཅུག་པ་ལ་སོགས་པའི་ལས་ཀ་དེ་འདྲ་སྒྲུབ་ཀྱི་ཡོད་པ་རེད།  དེ་འདྲ་ཡིན་སྟབས་རྒྱ་ནག་གི་འཇམ་རྩུབ་ཀྱི་ཐབས་བྱུས་གང་འདྲ་ཞིག་འདིང་གི་ཡོད་ཀྱང་།  དེའི་ཐོག་ལ་ང་རང་ཚོའི་གནས་སྟངས་དང་།  ང་རང་ཚོའི་མིའི་ནུས་པ་དང་དཔལ་འབྱོར་གྱི་ནུས་པ་དེ་ཚོ་ལ་གཞི་བཅོལ་ནས་གདོང་ལེན་བྱེད་སྟངས་གཞན་དང་མི་འདྲ་བ་ཞིག་བྱེད་དགོས་རྒྱུ་དེ་གནད་འགག་ཅིག་ཆགས་བསྡད་ཡོད་པ་རེད། ད་ལྟའི་བར་དུ་དེའི་སྐོར་ལ་བསམ་གཞིགས་བྱས་ཡོད་པ་རེད་བསམ་གྱི་ཡོད། ད་དུང་མུ་མཐུད་ནས་འཛིན་སྐྱོང་བཀའ་ཤག་གིས་བསམ་གཞིགས་གནང་གི་རེད། ང་ཚོ་སྤྱི་འཐུས་རྣམ་པ་ཚོ་ཡིན་ན་ཡང་དེའི་སྐོར་ལ་དགོངས་པ་བཞེས་རྒྱུའི་གོ་སྐབས་ཏན་ཏན་ཡོང་གི་རེད། དེ་ནི་རྒྱ་ནག་སྤྱི་ཡོངས་ཀྱི་གནས་སྟངས་འདྲ་ཞིག་རེད།

ད་རེས་གྲོས་ཚོགས་ཀྱི་ལས་རིམ་ནང་གི་གལ་ཆེ་ཤོས་གཅིག་དེ་གོང་དུ་ཞུས་པ་བཞིན་བཀའ་བློན་ཁྲི་པའི་ལས་རོགས་བཀའ་བློན་གཞན་བདུན་གདམ་རྒྱུ་དེ་རེད།  དེ་བདམས་པའི་ཐོག་ནས་འཛིན་སྐྱོང་བཀའ་ཤག་ཆ་ཚང་ཞིག་གྲུབ་ནས་ལོ་ལྔའི་རིང་ལ་མཉམ་དུ་བསྟན་སྲིད་ཀྱི་དོན་ལ་ཕྱག་ལས་གནང་འགོ་འཛུགས་ཀྱི་ཡོད་པ་རེད།  དེ་རིང་གི་ཉིན་མོ་དེ་ལོ་རྒྱུས་ལྡན་པའི་ཉིན་མོ་ཞིག་ལ་བརྩི་གི་ཡོད།  རྒྱ་ནག་གཞུང་གི་ངོས་ནས་ཡིན་ནའང་དེ་རིང་གི་ཉིན་མོ་འདིར་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་དེ་ང་ཚོས་ཤེས་ཀྱི་ཡོད།  ང་ཚོའི་ལས་རིམ་གང་འདྲ་ཞིག་ཡིན་ན་ཡང་ཕྱི་གསལ་ནང་གསལ་དང་།  ལས་དོན་གང་འདྲ་ཞིག་བརྩམས་ན་ཡང་མང་གཙོ་དང་མཐུན་པ་ཞིག་འགྲོ་གི་ཡོད་པ་དེས་རྒྱ་ནག་གཞུང་འཛིན་པ་ཚོ་ལ་གོ་བརྡ་ཡག་པོ་ཞིག་འཕྲོད་དགོས་ཀྱི་རེད་ཅེས་ཞུ་རྒྱུ་ཡིན།

ད་རེས་ཀྱི་ལས་རིམ་ནང་གི་ཡིད་སྐྱོ་བ་ཞིག་ལ་ཉེ་ལམ་བཀའ་བློན་ཁྲི་ཟུར།  སྤྱི་འཐུས་ཚོགས་ཟུར་སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དགོངས་པ་རྫོགས་པ་རེད།  མྱ་ངན་རྗེས་དྲན་གྱི་གྲོས་འཆར་ཞིག་ཁྱེར་གྱི་ཡོད་པ་དང་། ཁོང་གིས་མི་ཚེ་གང་ཚང་བོད་སྤྱི་པའི་དོན་དག་ལ་དུས་ཚོད་བཏང་ཡོད་པ་རེད།  དེ་ག་ནང་བཞིན་རྙིང་མའི་བླ་ཆེན་འཁྲུལ་ཞིག་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པ་དེའི་དོན་དུ་མྱ་ངན་གྱི་གྲོས་འཆར་ཞིག་ཡོད།

གལ་ཆེ་བ་གཅིག་ནི་བཀའ་བློན་ཁྲི་པའི་གསལ་བཤད་དེ་རེད།  ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་དུ་གཟིགས་པ་ཡིན་ན་སྲིད་བྱུས་གསར་པ་གཏན་འབེབས་བྱ་རྒྱུའི་འཆར་གཞི་ཡིན་ནའང་འདྲ།  ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཤིག་གི་སྒང་ལ་འགྱུར་བ་གཏོང་རྒྱུ་ཡིན་ནའང་འདྲ།  ཡང་མིན་ན་མུ་མཐུད་གནང་དགོས་རྒྱུ་གང་ཡིན་ན་གྲོས་ཚོགས་ལ་བཀའ་ཤག་གིས་གསལ་བཤད་གནང་གི་ཡོད་པ་རེད།  ད་རེས་བཀའ་བློན་ཁྲི་པ་གྲོས་ཚོགས་སུ་ཕེབས་པ་ཐེངས་དང་པོ་ཡིན་པར་བརྟེན་བཀའ་ཤག་གི་གསལ་བཤད་ཕེབས་ཡོང་གི་རེད།  ཚང་མས་བཀའ་ཤག་གི་གསལ་བཤད་ཐོག་ལ་ཐུགས་སྣང་ཡག་པོ་ཞིག་གནང་རོགས་གནང་།  རྗེས་ལ་བགྲོ་གླེང་གི་དུས་ཚོད་འབུལ་གྱི་ཡིན།

ད་རེས་ཀྱི་ལས་འབོར་ཆེ་ཤོས་གང་འདྲ་ཆགས་བསྡད་ཡོད་རེད་ཅེ་ན་ཁྲིམས་བཟོའི་ལས་དོན་དེ་རེད།  ཁྲིམས་བཟོ་ལས་དོན་ལ་སྒྲིག་གཞི་ཁག་ཉི་ཤུ་རྩ་བཞི་ཙམ་གྲོས་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་ཟུར་འཛུགས་བྱས་བཞག་པ་ཁྲིམས་ཡིག་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་ལྔ་ཡིས་འགན་ཁུར་ནས་དུས་ཚོད་མང་པོ་བཏང་། ཀླད་པ་མང་པོ་དཀྲུགས་ནས་ཤོག་ལྷེ་བཞི་བརྒྱ་ཅན་གྱི་ཡིག་ཆ་ཞིག་ད་རེས་གྲོས་ཚོགས་སུ་ཕེབས་རྒྱུ་རེད།  དེ་ཚོ་ང་ཚོའི་ནམ་རྒྱུན་ཁྲིམས་བཟོའི་ལས་དོན་དང་གནད་དོན་གཞིར་བཟུང་བརྗོད་པ་དང་པོ་གཉིས་པ་འགྲོ་དགོས་ཀྱི་ཡོད་སྟབས་དུས་ཚོད་གང་ལ་གང་འཚམས་ཤིག་འཇོག་དགོས་པ་དང་།  ཡིག་ཆ་དེ་ཚོ་བརྗོད་པ་གསུམ་པའི་སྐབས་སུ་པར་གློག་རྒྱག་དགོས་ཀྱི་ཡོད་སྟབས་དེ་ལས་ཀྱང་དུས་ཚོད་མང་པོ་ཞིག་འགག་འགྲོ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་རེད།  དེ་ཚོ་ཚང་མ་ལས་རིམ་ལ་གཞིགས་ནས་སྤྱི་འཐུས་རྣམ་པ་ཚོ་དང་བཀའ་ཤག་གི་ངོས་ནས་ཐུགས་སྣང་གནང་རོགས་ཞུ་རྒྱུ་དང་།  ཕྱི་ཟླ་དགུ་པ་དང་ཕྱི་ཟླ་གསུམ་པའི་གྲོས་ཚོགས་དབར་གྱི་ཁྱད་པར་གང་འདྲ་རེད་ཅེ་ན། ཕྱི་ཟླ་དགུ་པའི་གྲོས་ཚོགས་ནང་དུ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ལས་བསྡོམས་སྙན་ཞུ་གནང་གི་ཡོད་པ་རེད།   ལས་བསྡོམས་རྒྱས་པ་དེ་རྒྱུན་ལས་རྣམ་པ་ཚོས་སྡེ་ཚན་གསུམ་དུ་ཆ་བགོ་བྱས་ནས་ཆ་ཚང་ཞིག་གཟིགས་ཞིབ་གནང་གི་ཡོད་པ་རེད།

སྤྱི་འཐུས་རྒྱུན་ལས་ངོས་ནས་དྲི་བ་གཏོང་དགོས་པ་དེ་དག་ཆ་ཚང་ཞིག་བཟོས་ཡོད་པ་རེད། ད་ལྟ་ལས་བསྡོམས་དེ་དག་པར་སློག་བརྒྱབས་ནས་གྲོས་ཚོགས་ནང་སྤྲད་པའི་མཐུན་རྐྱེན་ཞིག་སྔོན་མ་ནས་འགོ་བཙུགས་ཚར་ཡོད་པ་རེད།   དེ་འདྲ་ཡིན་དུས་དེ་དག་ལ་ཐུགས་ཞིབ་གནང་ནས་དེ་དང་འབྲེལ་བ་ཡོད་པའི་དྲི་བ་ག་རེ་གནང་རྒྱུ་ཡོད་པ་ཡིན་ན་གནང་དགོས་པ་རེད།   ཡིན་ན་ཡང་དགོངས་པ་ལ་ག་རེ་འཇགས་དགོས་པ་རེད་ཟེར་ན།   ད་ལྟ་བཀའ་བློན་ཁྲི་པ་གསར་པ་ཕེབས་ཚར་ཙམ་ཞིག་རེད།  བཀའ་བློན་ནང་ལོགས་ནས་རྙིང་པ་ཡོང་སྲིད་པ་རེད་ལ་གསར་པ་ཡང་ཡོང་སྲིད་པ་རེད།  དེ་ཡིན་དུས་དེེ་ལ་དཔག་པའི་དགོངས་པ་བཞེས་དགོས་རྒྱུ་དེ་གལ་ཆེན་པོ་རེད། རྩ་བའི་འཛིན་སྐྱོང་དྲུང་ཆེ་རྣམ་པ་ཚོ་ཕྱག་རོགས་གནང་མཁན་ཡོད་ཡོད་པ་རེད་ཅེས་ཞུ་རྒྱུ་ཡིན། དེ་ནས་དྲི་བ་དྲི་ལན་ཡང་ཡོང་གི་རེད།  ཐུགས་སྣང་གཞེན་སྐུལ་དང་སྤྱི་འཐུས་སྒེར་གྱི་གྲོས་ཆོད་དང་གཞུང་གི་གྲོས་ཆོད་ཁག་མང་པོ་ཞིག་ཡོད།   འོན་ཀྱང་ང་ཚོས་དེ་རིང་ལས་དོན་བང་རིམ་སྒྲིག་པའི་སྐབས་དེར་གནད་དོན་གལ་ཆེ་ཆུང་ལ་ལྟ་བ་དེ་ཧ་ཅང་ཁག་པོ་ཆགས་སོང་། གནད་དོན་གལ་ཆེ་ཆུང་ལ་བལྟས་པ་ཡིན་ན་ལས་རིམ་ཁ་ཤས་ཤིག་སྔོན་ལ་འཇོག་དགོས་པ། ལས་རིམ་ཁ་ཤས་ཤིག་རྗེས་ལ་འཇོག་དགོས་པ་ཆགས་ཡོད། ཡིན་ན་ཡང་དེ་རིང་ལས་ཀ་བྱེད་བདེ་བའི་ཆེད་དུ་ཁྲིམས་བཟོའི་ལས་དོན་མང་པོ་ཞིག་ཡོད་པ་དེ་དག་ཚང་མ་ཉི་མ་བཅུ་བཅོ་ལྔ་ཞིག་གི་ནང་དུ་ཚར་དགོས་དུས།  ལས་རིམ་བང་སྒྲིག་སྟངས་འདི་འདྲ་བྱས་ནས་བསྒྲིགས་པ་ཡིན་ཞེས་ཞུ་རྒྱུ་དང་། བསྐྱར་ནན་བྱས་ནས་དེ་རིང་གི་གྲོས་ཚོགས་འདི་བརྒྱུད་དེ་ཞུ་དགོས་པ་གཅིག་ནི། དེང་སང་སྤྱི་ཚོོགས་འདིིའི་ནང་ལོགས་ན་དཀྲོགས་གཏམ་དེ་འདྲ་མང་པོ་ཡོང་བསྡད་པ་ཞིག་ཆགས་འདུག དྲ་རྒྱ་བརྒྱུད་ནས་ཡོང་གི་འདུག  དེ་ནང་བཞིན་བགྲོ་གླེང་ཚོགས་འདུ་དེ་འདྲའི་ནང་དུའང་ཡོང་གི་འདུག  དེ་ཚོའི་རིགས་དེ་གྲོས་ཚོགས་འཐུས་མི་ཚོར་བཤད་མ་དགོས་པ་རེད། ཚང་མ་རྣམ་དཔྱོད་དང་ལྡན་པ་རྐྱང་རྐྱང་རེད།  ལས་བྱེད་ཚོ་ཡིན་ན་རེད།  མི་མང་ནང་ཡིན་ན་རེད། དེ་ཚོའི་རིགས་ལ་གཟབ་གཟབ་བྱས་ནས་དོ་སྣང་སྤྲོད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་བསམ་གྱི་འདུག  སོ་སོའི་བསམ་བློ་འཁྱེར་སོ་ག་རེ་ཡིན་ན་ཡང་།    དེ་སོ་སོས་ཐག་ཆོད་པའི་ཐོག་ནས་བྱེད་དགོས་པ་ཞིག་གལ་ཆེན་པོ་ཆགས་ཀྱི་འདུག

སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་འདུ་ཐེངས་དང་པོའི་ལས་རིམ་དེ་དག་ཚོགས་གཙོ་སྦྲེལ་པོའི་ངོས་ནས་དཔེ་མི་སྲིད་པའི་ཚད་དང་ལྡན་པ་ཞིག་བྱུང་བ་ལ་ངོས་འཛིན་བྱེད་ཀྱི་ཡོད།  དེ་ནང་བཞིན་དེ་རིང་གི་གྲོས་ཚོགས་ཉིན་ཅུང་མང་བ་ཡོད་ན་ཡང་།  ལས་རིམ་གང་ཅིའི་ཐོག་འཛིན་སྐྱོང་བཀའ་ཤག་དང་།   སྤྱི་འཐུས་རྣམ་པ་ཚོའི་ངོས་ནས་ཆ་ཤས་ལེན་སྟངས་དེ་ཚོ་གྲོས་ཚོགས་ཀྱི་གནས་ཚད་ད་དུང་མཐོ་རུ་གཏོང་བའི་རིམ་པ་ཞིག་ལ་སླེབས་པར་བཟོ་རོགས་ཞུ་ཞེས་ཚོགས་གཙོས་འབོད་སྐུལ་བྱས་པ་ཡིན།  དེ་རིང་ནས་བཟུང་འཛིན་སྐྱོང་བཀའ་ཤག་དང་གྲོས་ཚོགས་ཀྱི་བར་ཡིན་ན་རེད། སྤྱིར་བཏང་ང་རང་ཚོའི་ལོ་རྒྱུས་ཀྱི་ཐོག་ནས་ཡིན་ན་རེད།  དགའ་ལྡན་ཕོ་བྲང་གཞུང་གི་མཇུག་སྐྱོང་བའི་མང་གཙོའི་གཞུང་གི་འགོ་ཁྲིད་ད་ལོ་འདིར་གྲོས་ཚོགས་ནང་ཕེབས་ཏེ་ང་ཚོ་དང་མཉམ་དུ་ལོ་ངོ་ལྔ་ཙམ་ཞིག་ལ་ལས་ཀ་བྱེད་དགོས་པ་རེད། དེ་འདྲ་ཡིན་སྟབས་ང་རང་ཚོའི་ངོས་ནས་མང་གཙོའི་ལྟ་གྲུབ་ཀྱི་ཐོག་ནས་འགན་དབང་ལྗིད་སྙོམས་སྟངས་འཛིན་ཡོད་པ་དེ་གཟུང་བའི་ཐོག་ནས། འཛིན་སྐྱོང་ལ་ག་ཚོད་ཅིག་མཐུན་སྦྱོར་ཞུ་དགོས་ཀྱི་འདུག་ན་ཆ་ཚང་ཞིག་ཞུ་ཐུབ་པའི་འབད་འབུངས་བྱེད་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག   དེ་རིང་གི་ཉིན་མོར་ཆ་བཞག་ན་ལོ་རྒྱུས་ཐོག་ལེ་ཚན་གསར་པ་ཞིག་ཁ་ཕྱེ་གི་ཡོད་པ་རེད།  ཤོག་ངོས་གསར་པ་ཁ་ཕྱེ་གི་ཡོད་དུས།   ང་རང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་རྙིང་པ་དང་རྙོག་དྲ་རྙིང་པ་དེ་འདྲ་ག་རེ་ཡོད་ན་ཡང་དེ་རིང་ཚང་མ་ཕར་བཞག་སྟེ། ང་ཚོ་ཚང་མ་བསམ་བློ་གཅིག་པ་ཞིག་ཡོང་གི་ཡོད་ཅེས་ག་དུས་ཡིན་ན་ཡང་ཞུ་གི་མེད། ཡིན་ན་ཡང་ནུས་པ་སྤུང་དགོས་ས་ལ་ང་རང་ཚོས་ནུས་པ་གཅིག་ཏུ་སྤུང་ཐུབ་དགོས་པའི་དུས་ཚོད་ཅིག་ལ་སླེབས་འདུག   ཚོགས་གཙོ་སྦྲེལ་པོའི་ངོས་ནས་ཡིན་ན་ཡང་དེ་ག་རང་འབད་པ་བྱེད་ཀྱི་ཡིན།  སྤྱི་འཐུས་རྣམ་པ་ཚོའི་ནང་ལོགས་ཡིན་ན་ཡང་དེ་ག་རང་གནང་རོགས་གནང་།  འཛིན་སྐྱོང་ཡིན་ན་ཡང་ཕར་ལ་ཐད་ཀར་ཞུ་གི་ཡིན།  ཚུར་ལའང་ཐད་ཀར་གསུངས་པ་ཡིན་ན་ང་ཚོས་ག་རེ་ཡིན་ནའང་གནད་དོན་དེ་འདྲ་གསལ་པོ་བཟོ་བ་ལ་ཏན་ཏན་ཁྱད་པར་ཡོང་གི་རེད།  དེ་ཡིན་དུས་རེ་བ་ཆེན་པོ་ཞུ་གི་ཡོད།  དེ་རིང་ང་ཚོས་ལོ་རྒྱུས་ཀྱི་ཐོག་ནས་ལེ་ཚན་གསར་པ་དེ་སྒོ་ཕྱེས་ཡོང་དུས་མ་འོངས་པར་ཀློག་མཁན་དེ་དག་གིས་དངོས་གནས་དྲང་གནས་སྤོབས་པ་དང་ལྡན་པའི་སྒོ་ནས་ཀློག་ཐུབ་པའི་གནས་སྟངས་ཞིག་ལ་འགྱུར་ཐུབ་པར་བསྒྱུར་རོགས་ཞེས་ཞུ་རྒྱུ་ཡིན།   ཐུགས་རྗེ་ཆེ།