སྐབས་ ༡༥ པའི་སྤྱི་ལྷན་གྲོས་ཚོགས་ཚོགས་དུས་དང་པོས་ཆེད་བཙུགས་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ།

དང་པོ། ཚོགས་མི་བསྐོ་གཞག་དང་ལས་དོན་འགོ་འཛུགས།

༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་བསྩལ་བའི་གསུང་འཕྲིན་རིན་པོ་ཆེའི་དགོངས་དོན་སྐབས་ ༡༤ པའི་གྲོས་ཚོགས་ཚོགས་དུས་འཕར་མའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གཏན་འབེབས་གནང་བར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༩ ཉིན་ཆོག་མཆན་བསྩལ་ཐོན་བྱུང་སྟེ་ད་ཆ་རྩ་འཛིན་ལག་བསྟར་ཞུ་བཞིན་པ་ལྟར། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡ ཉིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཡིག་ཆ་ཨང་ ༤ པའི་དགོངས་དོན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་སོང་བའི་རྗེས་འབྲེལ་གྲོས་ཚོགས་ནས་གཏན་འབེབས་གནང་བའི་ཁྲིམས་ཡིག་དང༌། སྒྲིག་གཞི་ཁག་ལ་བསྐྱར་བཅོས་ཇི་དགོས་ཚོགས་མི་ལྔ་ལས་གྲུབ་པའི་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་ཚོགས་གཙོ་སྦྲེལ་པོས་བསྐོ་འཛུགས་གནང་དགོས་པ་དང༌། ཚོགས་ཆུང་དེས་འཛིན་སྐྱོང་དང་རང་དབང་ཅན་གྱི་སྡེ་ཚན་སོ་སོ་དང་འབྲེལ་ཆགས་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་འཆར་འབུལ་གནང་ཕྱོགས་ཐད་གོ་བསྡུར་གྱིས་ཐག་གཅོད་བྱ་རྒྱུ་དང༌། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང༌། བསྐྱར་བཅོས་ཟིན་བྲིས་ཁག་བཅས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༥ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས་ཞེས་པའི་དགོངས་དོན་ལྟར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༣ ཉིན་ཚོགས་ཆུང་གི་མི་འགྲོར།

༡༽     སྤྱི་འཐུས་ཐུབ་བསྟན་ལུང་རིགས་དང༌།
༢༽     སྤྱི་འཐུས་པདྨ་འབྱུང་གནས།
༣༽     སྤྱི་འཐུས་ཀརྨ་ཡེ་ཤེས།
༤༽    སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན།
༥༽     སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་བཅས་ལ་དམིགས་འཛུགས་བསྐོ་གཞག་གནང་སྟེ། ཚོགས་ཆུང་གི་ལས་དོན་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༦ ནས་འགོ་འཛུགས་ཀྱིས་གྲོས་ཆོད་དགོངས་དོན་གྲུབ་དོན་སྙན་ཐོ་དང་བསྐྱར་བཅོས་ཟིན་བྲིས་ཁག་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས་པའི་བཀོད་ཁྱབ་ཕེབས་དོན་བཞིན་ཚོགས་མི་རྣམས་དེ་འཕྲལ་ཕྱི་ཟླ་ ༦ ཚེས་ ༣ ཉིན་རྒྱབ་ཚོགས་གཙོ་སྦྲེལ་པོའི་མདུན་སར་བཅར་ཏེ་ལམ་སྟོན་སྤྱི་ཕེབས་སུ། རྩ་བའི་ཚོགས་ཆུང་རང་གིས་ཐག་བཅད་དེ་འབྲེལ་ཡོད་ཁག་དང་འབྲེལ་གཏུག་གོ་བསྡུར་དང་འབྲེལ་འཁུར་བསྐྱེད་དགོས་པ་དང༌། ད་ཐེངས་བསྐྱར་བཅོས་འགྲོ་ཐེངས་གཅིག་ལ་ཁྲིམས་སྒྲིག་ཁག་གི་ཚིག་བརྗོད་དག་ཆ་དང་བཅས་པ་སྤྱི་ཡོངས་གཟིགས་ཐུབ་ན་དགེ་ཕན་ཆེ་ཞིང༌། ལྷག་པར་མཛད་གཙོ་རྣམ་པའི་ཐོབ་ཐང་སོགས་གཅིག་མཚུངས་ཡོང་ཐབས་བཟོ་གལ་ཞེས་དང༌། ཡང་བཅའ་ཁྲིམས་སུ་ཆོས་ལུགས་རིས་མེད་དང༌། རྒྱ་བལ་འབྲུག་གསུམ་དང༌། བྱང་ཨ་རི། ཡུ་རོབ་ཕུད་པའི་ས་ཁུལ་གཞན་ཁག་ཏུ་སྤྱི་འཐུས་ཀྱི་ས་མིག དེ་བཞིན་སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་དང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་མོས་ཐག་གཅོད་བཅས་སྐོར་ལའང་གང་འགབ་ཚོགས་ཆུང་དུ་གོ་བསྡུར་དང་གཟིགས་འོས་གཟིགས་རྒྱུ་ཞེས་དང༌། ཁྲིམས་སྒྲིག་ཁག་ཀམ་པུའི་ཊར་ནང་འཇུག་དགོས་སོགས་ཇི་དགོས་ལས་བྱེད་བསྟན་འཛིན་ནོར་བུར་བྱེད་དུ་བཅུག་ན་འགྲིག་རྒྱུ་བཅས་ཀྱི་ལམ་སྟོན་ཕེབས་དོན་ལྟར།  ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༦ ཉིན་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་སྤྱི་འཐུས་པདྨ་འབྱུང་གནས་ཚོགས་ཆུང་གི་ཚོགས་གཙོ་དང༌། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ཚོགས་ཆུང་གི་དྲུང་ཆེར་སྤྱི་མོས་དང་འབྲེལ་ལས་དོན་བྱེད་ཕྱོགས་གོ་བསྡུར་ཞིབ་ལྷུག་གིས་གཏན་འབེབས་ཞུས།

གཉིས་པ། ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས།

ཐོག་མར་བཀའ་དྲུང་གི་མཚན་ཐོག་དེ་ག་ཡིག་ཚང་དང་ཐད་ཀར་འབྲེལ་བ་ཡོད་པའི་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་སྒྲིག་གཞི་དང༌། དེ་མཚུངས་ཆོས་རིག་ལས་ཁུངས་དང་ནང་སྲིད་ལས་ཁུངས། དཔལ་འབྱོར་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་བཅས་དང་ཐད་ཀར་འབྲེལ་བ་ཡོད་པའི་ཁྲིམས་སྒྲིག་ཁག་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༩ འཁོད་བཀའ་ཤག་གི་འཛིན་སྐྱོང་བཀོད་ཁྱབ་དགོངས་དོན་གཞིར་བཟུང་བསྐྱར་ཞིབ་ཀྱིས་བསྐྱར་བཅོས་གནང་སྒོ་ཁག་གི་འཆར་ཟིན་དང༌། དེ་བཞིན་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་འགན་འཛིན་བཅས་ཀྱི་མཚན་ཐོག་འབྲེལ་ཆགས་ཁྲིམས་སྒྲིག་ཁག་གི་བསྐྱར་བཅོས་འཆར་ཟིན་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༩ འགྱངས་མེད་འདི་ག་ཚོགས་ཆུང་དུ་གནང་སྐྱོང་ཡོང་བའི་ཡིག་ཆུང་ཕུལ།
ཚོགས་ཆུང་ནས་དང་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་ལ་བསྐྱར་ཞིབ་བསྐྱར་བཅོས་ཀྱི་ཟིན་བྲིས་འགོ་འཛུགས་ཞུས་པ་དང༌། ཕྱི་ཟླ་ ༦ ཚེས་ ༡༦ ཉིན་གོང་གསལ་ལས་ཁུངས་ཁག་ལ་གཏན་འབེབས་སྔོན་ཟིན་དུས་ཚོད་བར་སྒུག་འགྱངས་མ་དགོས་པར། ཚར་རིམ་བཞིན་ཚོགས་ཆུང་གི་ལས་དོན་དུས་ཐོག་འགྲུབ་ཆེད་དེ་ནས་གནང་སྐྱོང་ཡོང་བའི་བསྐྱར་བསྐུལ་ཞུས་པ་ལྟར། ལས་ཁུངས་མང་ཆེ་བས་དུས་ཐོག་ཕུལ་འབྱོར་བྱུང་བར་ཚོགས་ཆུང་ནས་བསྐྱར་ཞིབ་བསྐྱར་བཅོས་ཀྱི་ཟིན་བྲིས་བཏབ་པ་དང༌། བཀའ་དྲུང་ཡིག་ཚང་ནས་འཛིན་སྐྱོང་སྒྲིག་གཞིར་བསྐྱར་བཅོས་འཆར་འབུལ་དུས་ཐོག་གནང་ཐུབ་མེད་པས་ཕྱི་ཟླ་ ༨ ཚེས་ ༢༢ འཁོད་བསྐྱར་དུ་བཀའ་དྲུང་གི་མཚན་ཐོག་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༥ འགྱངས་མེད་གནང་འབྱོར་མ་བྱུང་ཚེ་འཛིན་སྐྱོང་སྒྲིག་གཞིར་བསྐྱར་བཅོས་གང་ཡང་དགོས་གལ་མེད་པར་ངོས་འཛིན་ཞུ་རྒྱུ་ཡིན་པའི་ཡིག་ཆུང་སོང་བས། བཀའ་དྲུང་ཡིག་ཚང་ནས་ཕྱི་ཟླ་ ༨ ཚེས་ ༢༥ འཁོད་བཀའ་ཤག་གསར་རྙིང་འཕོ་ལེན་བྲེལ་ཟིང་དབང་གིས་དུས་ཐོག་འབུལ་ལམ་ཞུ་ཐུབ་མེད་སྐོར་ཡིག་ཆུང་དང་སྦྲགས་བསྐྱར་བཅོས་འཆར་འབུལ་ཚོགས་ཆུང་དུ་གནང་འབྱོར་བྱུང༌།
ཚོགས་ཆུང་གིས་ཟླ་བ་གསུམ་རིང་ལས་འགན་གཙོ་བོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ པའི་རྗེས་འབྲེལ་གྲོས་ཚོགས་ནས་གཏན་འབེབས་གནང་བའི་ཁྲིམས་ཡིག་དང༌། སྒྲིག་གཞི་ཁག་ལ་བསྐྱར་ཞིབ་ཀྱིས་བསྐྱར་བཅོས་ཟིན་བྲིས་འདེབས་དགོས་པ་གཞིར་བཞག་ཐོག དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ལམ་སྟོན་ཕེབས་པ་གཞིར་བཟུང༌། ཁྲིམས་སྒྲིག་ཁག་གི་ནང་དོན་བསྐྱར་བཅོས་ཐོག་དགོས་ངེས་ཚིག་བརྗོད་དང༌། དག་ཆ། ནང་དོན་ཕན་ཚུན་ནང་འགལ་ཡོད་མེད་བཅས་ཀྱི་ཆེད་གྲོས་ཚོགས་ཀྱི་གཏན་འབེབས་ལ་བཀའ་འཁྲོལ་ཆོག་མཆན་མཚན་རྟགས་འཁོད་པའི་ཡིག་ཆ་ངོ་མ་དང་མཚུངས་བསྡུར། བཅའ་ཁྲིམས་དང་བཤིབ་བསྡུར་གྱིས་དགོས་ངེས་བསྐྱར་ཞིབ། ཞུ་དག་སོགས་ཐེངས་གསུམ་ནས་ལྔ་བར་བྱས་ཏེ་གཙོ་བོ་ཁྲིམས་སྒྲིག་ཁག་ ༢༤ ལ་མཐའ་མའི་བསྐྱར་བཅོས་འཆར་ཟིན་གྲོས་ཚོགས་སུ་ཕུལ་ཡོད་པ་དང༌། གཞན་ཡང་གལ་ཆེའི་དོན་གནད་ཁག་ཅིག་ལ་གྲོས་ཚོགས་འཐུས་མི་རྣམ་པའི་མཁྱེན་རྟོགས་སླད་གསལ་ཁ་གཏོད་རྒྱུ་གཤམ་གསལ།

༡༽     དག་ཆ་དང་ཚིག་བརྗོད་གཙོ་བོ་བཅའ་ཁྲིམས་ལ་གཞི་བཅོལ་བའི་ཐོག་གཙོ་ཆེ་ཆོག་མཆན་མཚན་རྟགས་འཁོད་པའི་ཡིག་ཆར་ཁུངས་གཏུགས་ཀྱིས་བསྐྱར་བཅོས་ཞུས་ཡོད་ཀྱང༌། དེ་དག་ཏུའང་ཚིག་བརྗོད་དང་དག་ཆ་ནོར་ཡོད་ན་བརྡ་སྤྲོད་དང་མཐུན་པ་བཟོ་བཅོས་ཞུས་པ་དང༌།          བཅའ་ཁྲིམས་རང་དུ་དོན་གནད་གཅིག་ལ་དག་ཆ་མི་འདྲ་བ་ཡོད་པ་དཔེར་ན་༼གཞུག༽དང་༼ཞུགས་༽ལྟ་བུ་ཡོངས་གྲགས་འགྲོ་སྲོལ་ལྟར་༼ཞུགས༽ རང་འཇགས་བཞག་ཡོད།

༢༽     མཛད་གཙོ་རྣམ་པའི་ཐོབ་ཐང་སྒྲིག་གཞི་ཁག་ཏུ་དོན་གནད་གཅིག་ཡིན་པར་ཚིག་བརྗོད་མི་འདྲ་བ་སྣ་ཚོགས་ཡོད་པ་གཅིག་གྱུར་བཟོས་ཡོད་ལ། ཐོབ་ཐང་གཅིག་མཚུངས་མིན་པ་དཔེར་ན་མིག་ཤེལ་བཟོ་རྒྱུའི་ཐོབ་ཐང་དང༌། ནང་མིའི་བགྲེས་ཕོགས་ལ་བརྒྱ་ཆ་བསྐོར་སྟངས། ལས་བཅར་དང་ཕྱིར་ལོག་སྐབས་ཅ་དངོས་ལྗིད་ཚད་སོགས་ཚང་མ་གཅིག་མཚུངས་བཟོས་ཡོད།

༣༽     ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དང༌། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པའི་ཐོབ་ཐང་སྒྲིག་གཞིར་གསལ་བའི་གསོག་དངུལ་ཐོབ་ཐང་སྐོར་ད་ལྟའི་གནས་སྟངས་ལ་གཞིགས་ན་འབྲེལ་མེད་ལྟ་བུར་མངོན་འདུག་ན། ཕྱིར་བསྡུ་ཞུས་ཚེ་དོན་ལ་སྐྱོན་ཆ་འགྲོ་མིན་གོང་གསལ་སྡེ་ཚན་ཁག་ལ་ཡིག་ཐོག་བཀའ་འདྲི་ཞུས་པར། མང་བས་ཕྱིར་བསྡུ་གནང་ན་འཐུས་པའི་བཀའ་ལན་ཕེབས་པ་ལྟར་ཕྱིར་བསྡུ་ཞུས།

༤༽    ས་གནས་འཐུས་ཚོགས་ཀྱི་ཚོགས་མིའི་ཉིན་རེའི་ལས་དོད་དང་ཐོབ་ཐང་གཞན་དག་གི་ཁྲིམས་ཡིག་འདི་བཞིན་སྒྲིག་གཞིའི་ངོ་བོར་བསྐྱར་བཅོས་ཞུས་པ་དང༌། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་རྣམས་དགོངས་པ་ཞུ་ཕྱོགས་ཐད་ཀྱང་བསྐྱར་བཅོས་ཞུས་ཡོད།

༥༽     དབུས་འོས་བསྡུ་ལས་ཁང་ནས་འཆར་འབུལ་གཞིར་བཟུང་འོས་ཤོག་གྲངས་བཤེར་ཟིན་མཚམས་ཆུ་ཚོད་ ༢༤ འགྱངས་མེད་ས་གནས་འོས་བསྡུ་ལས་ཁང་ནས་ཁྱབ་བསྒྲགས་ཞུས་ཆོག་པར་བསྐྱར་བཅོས་དང༌།  དེ་མཚུངས་དང་བླངས་འོས་གཞིའི་འབའ་དངུལ་དུས་བསྟུན་འགྱུར་བ་དགོས་པ་ལྟར་མཐོ་རུ་བཏང་ཞིང༌། དང་བླངས་འོས་གཞིར་འཛུལ་ཞུགས་དང་འདེམས་སྒྲུག་བྱེད་ཕྱོགས་ཀྱི་དུས་ཚིགས་ལའང་ཁ་གསལ་བཟོས་པ། དེ་བཞིན་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༥༡ ནང་གསེས་ ༣ པ་བརྒྱ་ཆ་ ༣༣ ལོན་དགོས་པའི་ཆ་རྐྱེན་ཡང་ཕྱིར་བསྡུ་ཞུས།

༦༽     འོས་བསྡུའི་སྒྲིག་གཞིའི་ནང་འོས་ཤོག་རྩིས་མེད་གཏོང་ཕྱོགས་ཀྱི་ཆ་རྐྱེན་གསལ་པོ་ཡོད་ཀྱང༌། སྒྲིག་གཞིའི་ཟུར་འཛར་འགེང་ཤོག་ཁག་ཏུ་གཤམ་གསལ་རེའུ་མིག་ཁག་ངེས་པར་བསྐང་དགོས་ཞེས་གསལ་བའི་དབང་གིས་མི་འགྲོ་ངོ་འཕྲོད་བྱུང་ཡང་རྩིས་འགྲོ་མ་བཏང་བའི་གནས་ཚུལ་ལྷག་བཞིན་པར་བརྟེན། ད་ཐེངས་ཟུར་འཛར་ནས་ཚིག་བརྗོད་འདི་ཕྱིར་བསྡུ་ཞུས་ཡོད།

༧༽     བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་དོན་ཚན་ ༡༢ པའི་ནང་གསེས་ ༣ པར་ནང་སྲིད་ནས་བསྐྱར་བཅོས་འཆར་འབུལ་སྐབས། གཞིས་ཁང་ཐོབ་ཐང་ཡོད་མེད་ལ་མ་ལྟོས་པར་ཐེངས་གཅིག་རང་གི་བགྲེས་ཕོགས་ཇི་ཐོབ་ལོ་བཅུས་བསྒྱུར་བའི་དངུལ་འབོར་བགྲེས་ཤག་གི་དོད་དུ་འབུལ་རྒྱུ་གཅིག་མཚུངས་བཟོས་འདུག་ཀྱང༌། རྗེས་སུ་བཀའ་དྲུང་ཡིག་ཚང་ནས་བསྐྱར་བཅོས་འཆར་འབུལ་ཞིག་ཏུ་སྔོན་མ་ནང་བཞིན་ལོ་བཅུ་དང་ལྔའི་ཁྱད་པར་རང་འཇགས་བཟོས་འདུག་ན། རྒྱབ་ལྗོངས་འདྲི་བརྩད་དང་འབྲེལ་ཚོགས་ཆུང་ནས་ལས་བྱེད་ཀྱི་ཐོབ་ཐང་གཅིག་མཚུངས་ཡིན་དགོས་པའི་ལྟ་གྲུབ་ཐོག་ནང་སྲིད་ཀྱི་འཆར་ཕུལ་ལྟར་རྒྱབ་གཉེར་ཞུས་ཡོད།

༨༽     ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་བཅས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་འཆར་གཞིར་བཟུང༌། སྡེ་ཚན་གཉིས་ཀའི་ལས་བྱེད་སུའང་གནས་རིམ་གོང་མར་རྒྱུགས་འཕྲོད་བཀོད་སྒྲིག་ཁོངས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ཚོགས་དྲུང་ལས་ཁུངས་ཀྱི་ཐད་བསྐོས་ལས་བྱེད་སུ་ཞིག་འཛིན་སྐྱོང་གི་ལས་བྱེད་དང༌། དེ་བཞིན་འཛིན་སྐྱོང་གི་ལས་བྱེད་སུ་རུང་གོང་གསལ་སྡེ་ཚན་གྱི་ཐད་བསྐོས་ལས་བྱེད་ཁོངས་སུ་ཞུགས་ཤིང་བཀོད་སྒྲིག་བྱུང་ན་སྔོན་གྱི་ཞབས་ཡུན་གང་ཡོད་པ་ཞབས་ལོའི་ཁོངས་སུ་གཅིག་མཚུངས་བརྩི་རྒྱུའི་རྒྱབ་གཉེར་དང༌། གོང་གསལ་སྡེ་ཚན་གཉིས་ཀྱི་ཐད་བསྐོས་ལས་བྱེད་རྣམས་ཀྱི་ཕོགས་རིམ་འཛིན་སྐྱོང་ནས་སྤྱི་འགྲེ་ལྟར་བཟོ་རྒྱུའི་ཐོག་བསྐྱར་བཅོས་རྒྱབ་གཉེར་ཞུས་ཡོད།

༩༽   རྩིས་ཞིབ་ལས་ཁང་གི་སྒྲིག་གཞིར་བསྐྱར་བཅོས་འཆར་འབུལ་ནང་རྩིས་ཞིབ་སྤྱི་ཁྱབ་པ་གཅིག་གི་འོག་ལས་བྱེད་ས་མིག་གི་དགོས་མཁོ་ཇི་བཏོན་ལ་ལས་འབོར་ཉམས་ཞིབ་ཚོགས་ཆུང་ནས་ཞིབ་འཇུག་རྒྱབ་གཉེར་གྱིས་བཀའ་ཤག་ནས་ས་མིག་གཏན་འབེབས་གནང་ཁག་སྤྱི་ཡོངས་ས་མིག་ལས་ཟུར་བཅད་བཞག་དགོས་སྐོར་གསལ་འདུག་པར། ཚོགས་ཆུང་ནས་རྩིས་ཞིབ་ལས་ཁང་གི་སྒྲིག་གཞི་དོན་ཚན་བཞི་པའི་ནང་གསེས་དང་པོའི་ ག ནང་གལ་སྲིད་རྒྱུ་རྐྱེན་གཞན་གྱིས་དུས་ཐོག་ས་མིག་བསྐང་མ་ཐུབ་པར་ལས་དོན་ལ་འཐུས་ཤོར་འགྲོ་གཞི་ཡོད་ཚེ་ཆོད་གན་དང་འཕྲལ་སེལ་གྱི་ལས་བྱེད་བསྐོ་གཞག་གནང་རྒྱུའི་ཆ་རྐྱེན་བསྐྱར་བཅོས་འཆར་འབུལ་ཞུས་ཡོད།

༡༠༽   ས་གནས་འཐུས་མིའི་ཚོགས་མིར་ལས་ཐོན་ཕྱག་འཁྱེར་གནང་ཕྱོགས་ཀྱི་སྒྲིག་གཞིར་ཚོགས་ཆུང་ནས་བསྐྱར་ཞིབ་བྱས་ཡོད་ཀྱང་གྲོས་ཚོགས་ནས་གཏན་འབེབས་གནང་བ་ཞིག་མིན་སྟབས། རྒྱུན་ལས་ཀྱི་བསྐྱར་བཅོས་གཏན་འབེབས་སླད་ཕུལ་ཡོད།

༡༡༽  འཆར་ཅན་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་སྐབས་དོན་ཚན་ཟུར་བཏོན་གྱིས་བསྐྱར་བཅོས་གནང་ལམ་ཡོད་ཀྱང༌། ད་སྐབས་དོན་ཚན་ཕལ་ཆེ་བར་རང་བཞིན་གྱིས་བསྐྱར་བཅོས་གཏོང་དགོས་སྟབས་ཁྲིམས་སྒྲིག་སོ་སོའི་མཚན་བྱང་ནས་དོན་ཚན་མཐའ་མ་བསྐྱར་བཅོས་བར་ཆ་ཚང་འཆར་འབུལ་ཞུས་ཡོད།

 

གསུམ་པ། ཚོགས་ཆུང་ནས་བསྐྱར་བཅོས་རྒྱབ་གཉེར་ཞུས་པ་ཁག

༡༽     བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང༌། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཤོག་གྲངས་ ༨༡

༢༽     བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི་ཤོག་གྲངས་ ༡༡

༣༽     བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ཀྱི་སྒྲིག་གཞི་ཤོག་གྲངས་ ༨

༤༽    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁང་པའི་ཁྲིམས་ཡིག་ཤོག་གྲངས་ ༣

༥༽     བོད་མི་མང་སྤྱི་འཐུས་ཚོགས་གཙོའི་ངལ་སེལ་ཐེབས་རྩའི་སྒྲིག་གཞི་ཤོག་གྲངས་ ༤

༦༽     ས་གནས་འཐུས་ཚོགས་ཀྱི་ཚོགས་མིའི་ཉིན་རེའི་ལས་དོད་དང་ཐོབ་ཐང་གཞན་ཁག་གི་སྒྲིག་གཞི་ཤོག་གྲངས་ ༢

༧༽     བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང༌། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་ཤོག་གྲངས་ ༢༡

༨༽     བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་ཤོག་གྲངས་ ༡༢

༩༽     བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པའི་ཕོགས་ཐོབ་དང༌། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་ཤོག་གྲངས་ ༡༥

༡༠༽    དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཕོགས་དང༌། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་ཤོག་གྲངས་ ༡༨

༡༡༽    འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོའི་ཕོགས་དང༌། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་ཤོག་གྲངས་ ༡༧

༡༢༽    བཙན་བྱོལ་བོད་མིའི་རྩིས་ཞིབ་སྤྱི་ཁྱབ་པའི་ཕོགས་དང༌། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་ཤོག་གྲངས་ ༡༥

༡༣༽   བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི་ཤོག་གྲངས་ ༡༥

༡༤༽   བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཤོག་གྲངས་ ༧

༡༥༽   བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་ཤོག་གྲངས་ ༢༠

༡༦༽   བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཤོག་གྲངས་ ༡༩

༡༧༽   བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཤོག་གྲངས་ ༡༢

༡༨༽    བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང༌། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་ཤོག་གྲངས་ ༡༦

༡༩༽   བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་ཤོག་གྲངས་ ༡༢

༢༠༽    བོད་རང་དབང་ལྡན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་གི་སྒྲིག་གཞི་ཤོག་གྲངས་ ༧

༢༡༽    ངེས་མེད་ཞལ་འདེབས་འདུ་འགོད་ཀྱི་སྒྲིག་གཞི་ཤོག་གྲངས་ ༣

༢༢༽   བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཤོག་གྲངས་ ༨༠

༢༣༽   ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་ཤོག་གྲངས་ ༢༥

༢༤༽   བཙན་བྱོལ་བོད་མིའི་རྩིས་ཞིབ་ལས་ཁང་གི་སྒྲིག་གཞི་ཤོག་གྲངས་ ༡༠  བཅས་ཁྱོན་བསྡོམས་ཤོག་གྲངས་ ༤༣༣ ཡོད་པ་རྣམས་སྡེ་ཚན་བཞི་རུ་ཆ་བགོས་ཞུས་ཏེ་ཕུལ་ཡོད།

 

བཞི་པ། ཚོགས་ཆུང་ནས་རྒྱབ་གཉེར་ཞུ་ཐབས་མ་གྱུར་པའི་དོན་གནད་ཁག

 

༡༽     དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ཅིག་ལ་བསྐྱར་བཅོས་དགོས་མིན་གོ་བསྡུར་དགོས་པའི་ལམ་སྟོན་ཕེབས་ཡོད་ཀྱང༌། ཚོགས་ཆུང་གི་ལས་འགན་གྲོས་ཆོད་དགོངས་དོན་བཅའ་ཁྲིམས་ལ་བསྐྱར་བཅོས་སོང་བའི་རྗེས་འབྲེལ་ཁྲིམས་སྒྲིག་ཁག་བསྐྱར་བཅོས་ཀྱིས་ཟིན་བྲིས་གཏན་འབེབས་བྱེད་དགོས་སྟབས། བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་དོན་གནད་ཁག་ལ་རྒྱབ་གཉེར་ཞུས་མེད།

༢༽     ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༦ ཉིན་ཚོགས་དྲུང་གི་མཚན་ཐོག་ཕུལ་བའི་ཡིག་ཆུང་དང་བསམ་ཚུལ་ཡིག་ཆ་ཁག་གི་ངོ་བཤུས་ཕྱི་ཟླ་ ༨ ཚེས་ ༢༥ ཉིན་ཚོགས་ཆུང་དུ་གནང་འབྱོར་བྱུང་བར་བསྐྱར་ཞིབ་སྐབས། དོན་ཚན་དང་པོ་སྤྱི་འཐུས་རྒྱུན་ལས་༼སྐབས་བཅུ་བཞི་པ་༽ ཀྱི་ཆེད་བཙུགས་ཚོགས་ཆུང་གི་སྙན་ཐོ་དོན་ཚན་ ༢།༡༤ ནང་གསལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་ཟིན་པ་ཞིག་ཡུལ་ཁྲིམས་ལ་གཏུགས་མི་ཆོག་པའི་གནད་དོན་བཅའ་ཁྲིམས་ཀྱི་དོན་ཚན་ ༦༦ པའི་ནང་གསེས་དང་པོའི་འོག་གསར་འཇུག་གནང་སྐྱོང་ཡོང་བ་གསལ་ཐད་བཅའ་ཁྲིམས་བསྐྱར་བཅོས་དང་ཐད་ཀར་འབྲེལ་བ་ཡོད་པར་སོང༌། སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ནས་དགོངས་བཞེས་གནང་འོས་གནང་དགོས་པ་ལས་ཚོགས་ཆུང་ནས་བསྐྱར་བཅོས་རྒྱབ་གཉེར་ཞུ་བདེ་མ་མཆིས།

༣༽     གོང་གསལ་སྤྱི་འཐུས་རྒྱུན་ལས་ཀྱི་ཆེད་བཙུགས་ཚོགས་ཆུང་གི་སྙན་ཐོ་དོན་ཚན་ ༢།༡༧ སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་གི་དོན་ཚན་ ༡༣ པ་ཁྲིམས་ཞིབ་བྱ་རྒྱུར་གཞི་རྩའི་ཆ་རྐྱེན་ཁོངས་དུས་ཚོད་དང༌། དོན་ཚན་ ༡༧ པ་ཁ་མཆུའི་འགྲོ་གྲོན། དོན་ཚན་ ༢༨ པ་བརྡ་ཐོར་བརྩི་བཀུར་མ་བྱས་པ། དོན་ཚན་ ༨༤ པ་ཁྱད་གསོད། བཅས་མང་ཚོགས་ཀྱི་ཁེ་ཕན་རྗེས་འབྲེལ་དམིགས་བསལ་གྱི་དོན་ཚན་ཁག་གི་ཁྲིམས་ཡིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཟོ་གནང་དགོས་པ་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་གི་རྒྱབ་ལྗོངས་དགོས་དོན་ཡིན་སྟབས། དེ་ནས་ཁྲིམས་གཞི་གཏན་འབེབས་དགོངས་བཞེས་མཛད་སྐྱོང་ཡོང་བ་ཞེས་ཕེབས་ཐད། ཁྲིམས་ཡིག་དེ་རིགས་ཆེས་མཐོའི་ཁྲིམས་ཞིབ་ཁང་རང་ནས་གཏན་འབེབས་གནང་རྒྱུའི་ཐབས་ལམ་བསྐྲུན་དགོས་པ་ལས། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གཏན་འབེབས་གནང་བའི་ཁྲིམས་ཡིག་ཅིག་གི་ཆ་རྐྱེན་འོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་སྒྲིག་བཟོ་དགོས་པ་སྤྱི་ཡོངས་ཁྲིམས་བཟོའི་ལས་དོན་གྱི་རིག་པའི་གཞུང་ལུགས་དང་མཐུན་གྱི་མེད་སྟབས་བསྐྱར་བཅོས་རྒྱབ་གཉེར་ཞུ་ཐབས་མ་གྱུར།

༤༽    ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢༡ པའི་ནང་གསེས་ ༣ པའི་ ཅ པ་ཁྲིམས་ཁང་ནང་ནག་ཉེས་ར་འཕྲོད་ཀྱིས་ཉེས་པ་ཕོག་ཟིན་པ་མ་ཡིན་པ་ཞེས་དང༌། བཅའ་ཁྲིམས་དོན་ཚན་ ༣༨ ནང་གསེས་ ༥ པ་ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ་གཉིས་དོན་དག་གཅིག་ལ་ཚིག་བརྗོད་མི་འདྲ་བ་གཅིག་གྱུར་བཟོ་གལ་ཆེ་བ་གསུངས་ཐད། རྩ་བའི་སྐབས་ ༡༤ པའི་སྤྱི་འཐུས་གྲོས་ཚོགས་སུ་བསྐྱར་བཅོས་ཁྲིམས་འཆར་ཕུལ་འདུག་ཀྱང༌། གྲོས་ཚོགས་སུ་དགོས་ངེས་རྒྱབ་སྐྱོར་མ་བྱུང་བར་བརྟེན་བསྐྱར་བཅོས་འགྲོ་ཐུབ་མི་འདུག་ན། མ་འོངས་པར་སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ནས་དགོངས་བཞེས་གནང་དགོས་པ་ལས་འདི་ནས་བསྐྱར་བཅོས་རྒྱབ་གཉེར་ཞུས་མེད།

༥༽     ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་བཅས་ཀྱི་བཞུགས་མོལ་ཚོགས་འདུར་ཁྲིམས་ཞིབ་ཁང་ནས་གསུང་བསྐུལ་བྱུང་དོན་ལྟར། ཁྲིམས་དྲུང་ལས་ཁུངས་ཀྱི་གཞུང་ཞབས་པ་ཞེས་པའི་ཚབ་ཏུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐད་བསྐོས་གཞུང་ཞབས་པ་ཞེས་དང༌། ཁྲིམས་ཞིབ་ཁང་འོག་མ་ཁག་གི་ཐད་བསྐོས་ཁྲིམས་ཞིབ་པ་དང་གཞུང་ཞབས་པ་ཞེས་པ་འདེམས་ལྷན་སྒྲིག་གཞིའི་ནང་བསྐྱར་བཅོས་གནང་སྐྱོང་ཡོང་བ་གསུངས་ཐད། ས་གནས་ཁྲིམས་ཞིབ་པ་ཁག་ལས་བྱེད་ཀྱི་ངོ་བོར་བསྒྱུར་ན་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་རིག་པའི་ལྟ་གྲུབ་དང་ལྟག་འགལ་དུ་འགྱུར་རྒྱུར་བརྟེན་བསྐྱར་བཅོས་རྒྱབ་གཉེར་ཞུ་འོས་མ་མཆིས།

༦༽     དབུས་འོས་བསྡུ་ལས་ཁང་ནས་བསྐྱར་བཅོས་འཆར་འབུལ་བྱུང་ཁག་ནང༌། སྤྱི་ཡོངས་རྒྱལ་སྤྱིའི་འགྲོ་སྲོལ་དུ་འོས་བསྡུ་ཆེན་མོའི་སྐབས་འོས་གཞིར་ཞུགས་པ་སྐྱེ་བོ་ཁག་ནས་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་གནང་སྐབས་དངུལ་སྒོར་ཚད་བཀག་བཟོ་སྲོལ་ཡོད་པ་ལྟར། རང་རེའི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ལ་དཔག་སྟེ་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་མི་སོ་སོར་ཧིན་སྒོར་གསུམ་འབུམ་ཚད་བཀག་བཟོ་དགོས་ཞེས་དང༌། ཁྱབ་བསྒྲགས་གནང་སྐབས་རྒྱལ་རྟགས་དང་རྒྱལ་དར། ས་ཁྲ་བཅས་བེད་སྤྱོད་བྱེད་ཕྱོགས་སྐོར། དེ་བཞིན་འོས་འཕེན་པའི་ངོ་སྤྲོད་ལག་འཁྱེར་བཟོ་ཕྱོགས། སྦྲག་ཐོག་འོས་འཕེན་རྒྱུའི་ཆ་རྐྱེན་སྐྲུན་ཕྱོགས་བཅས་དབུས་འོས་བསྡུའི་འགན་འཛིན་དང༌། འགན་འཛིན་ལས་འཕར་རྣམ་གཉིས་ཀྱིས་ངག་ཐོག་འགྲེལ་བརྗོད་བྱུང་བ་བཅས་ལའང་གོ་བསྡུར་ཞིབ་ལྷུག་དང་འབྲེལ་གནད་དོན་ཁག་ཅིག་དབུས་འོས་བསྡུ་ལས་ཁང་ནས་ལམ་སྟོན་གྱི་ངོ་བོའི་ཐོག་ལག་བསྟར་བྱ་འོས་དང༌། བཙན་བྱོལ་གྱི་གནས་བབ་འོག་སྦྲག་ཐོག་འོས་འཕེན་ལ་དཀའ་ངལ་དེ་བས་མང་བ་འཕྲད་རྒྱུ་དངོས་ཡོད་གནས་སྟངས་ལ་སོང་བསྐྱར་བཅོས་རྒྱབ་གཉེར་ཞུ་ཐབས་མ་མཆིས་ཀྱང་གྲོས་ཚོགས་ནས་གང་འགབ་གཟིགས་གལ།

༧༽     ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་བཀའ་དྲུང་གཉིས་གཟེངས་རྟགས་ཚོགས་ཆུང་གི་གཏན་འཇགས་ཚོགས་གཙོ་དང་དྲུང་ཆེ་ཡིན་པ་དང༌། ལས་འགན་གྱི་བབ་ནས་ཀྱང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྟབས། བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་དོན་གཟེངས་ཐོན་རྣམ་པར་གཟེངས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི་འདི་བཞིན་གཟེངས་རྟགས་ཚོགས་ཆུང་གི་ངོ་བོའི་ཐོག་ནས་བསྐྱར་ཞིབ་གནང་སྟེ་བསྐྱར་བཅོས་དགོས་ངེས་ཁག་གི་འཆར་ཟིན་འདི་ག་ཚོགས་ཆུང་ལ་གནང་དགོས་པའི་ཡིག་ཆུང་ཕུལ་ཡང༌། བཀའ་དྲུང་དུས་ཁོམ་མེད་ལུགས་དང༌། བསྐྱར་བཅོས་འཆར་འབུལ་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་འབྲེལ་བ་མེད་ལུགས། གཟེངས་རྟགས་འབུལ་ཕྱོགས་སྐོར་ད་བར་གླེང་སློང་ཡོད་རབས་སོགས་ཀྱི་ཀ་ཀོར་འགྲེལ་བརྗོད་སྣ་ཚོགས་ལ། ཕྱི་ཟླ་ ༨ ཚེས་ ༥ ཉིན་འདེམས་ལྷན་ཚོགས་གཙོ་དང་བཀའ་བསྡུར་ཞིབ་ལྷུག་གིས། མཐའ་མ་ཕྱི་ཟླ་ ༨ ཚེས་ ༢༠ འགྱངས་མེད་བསྐྱར་བཅོས་ཡོད་ན་ངེས་པར་འབུལ་ཐུབ་དགོས་པའི་ཐག་གཅོད་བྱུང་དོན་ལྟར། ཕྱི་ཟླ་ ༨ ཚེས་ ༡༧ ཉིན་ཉེ་ཆར་གཟེངས་རྟགས་ཚོགས་ཆུང་ལྷན་འཛོམས་ཀྱིས་བཀའ་གྲོས་ལྷུག་པོ་ཞུས་རྗེས་ད་ཡོད་གཟེངས་རྟགས་གནང་སྲོལ་འདི་བཞིན་མུ་མཐུད་དགོས་ཕན་ཅན་ཞིག་མ་མངོན་པས་ཆ་ཚང་ཕྱིར་བསྡུ་གནང་རྒྱུར་རྒྱབ་གཉེར་ཡིག་ཆུང་ཚོགས་ཆུང་ལ་གནང་འབྱོར་བྱུང་བ་ལགས་ན། དེ་ལྟར་ངོས་འཛིན་གྱིས་གོང་གསལ་སྒྲིག་གཞིར་བསྐྱར་བཅོས་འཆར་ཟིན་ཕུལ་མེད་ཀྱང་ཕྱིར་བསྡུ་གནང་མིན་གྲོས་ཚོགས་ནས་བབ་གཟིགས་དགོས་རྒྱུ།

༨༽     བཅའ་ཁྲིམས་བསྐྱར་བཅོས་ཀྱི་རྗེས་སུ་ཚོགས་གཙོ་སྦྲེལ་པོས་མང་ཚོགས་ཀྱི་དགོངས་འཆར་དང་བསྟུན་བོད་མིའི་སྒྲིག་འཛུགས་ཞེས་པའི་ཚབ་ཏུ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པར་བསྒྱུར་ན་ཇི་འགབ་བསམ་ཞིབ་དགོས་སྐོར་ཕེབས་ནའང་ཚོགས་ཆུང་གི་ལས་འགན་ནི་གོང་ཞུས་ལྟར་བཅའ་ཁྲིམས་བསྐྱར་བཅོས་རྗེས་འབྲེལ་གྱི་ཁྲིམས་སྒྲིག་བསྐྱར་བཅོས་དགོས་རིགས་ལ་བསྐྱར་བཅོས་ཟིན་བྲིས་བཟོ་རྒྱུ་ལས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་མིན་སྟབས་རྒྱབ་གཉེར་གང་ཡང་ཞུས་མེད། ཅི་སྟེ་གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་དགོས་པར་གཟིགས་ཚེ་དེ་འབྲེལ་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་གནང་དགོས་པར་སོང་ཚོགས་ཆུང་ནས་དེའི་ཐོག་མཐུན་འགྱུར་ཞུ་རྒྱུར་གྲ་སྒྲིག་ཨང་བསར་ཡོད།

ལྔ་པ། ཚོགས་ཆུང་དུ་འབྲེལ་ཡོད་ཁག་ཆེད་འབོད་དང་ཞལ་པར་བརྒྱུད་གོ་བསྡུར་ཞུས་པ།

ཚོགས་ཆུང་ནས་འབྲེལ་ཡོད་ལས་ཁུངས་དང་སྡེ་ཚན་ཁག་གི་བསྐྱར་བཅོས་འཆར་འབུལ་ལ་དོགས་

མ་ཆོད་པ་དང༌། ཁྲིམས་སྒྲིག་ཁག་ཏུ་དོགས་གཞི་ཅན་གྱི་ཚིག་བརྗོད་ཡོད་རིགས་ལ་རྣམ་ཀུན་ལག་བསྟར་བྱེད་པོ་རྒྱུས་མྱོང་ཅན་ཁག་ནས་གོ་བ་དང༌། ལག་ལེན་བསྟར་ཕྱོགས་བཅས་ཀྱི་སྐོར་འབྲེལ་ཡོད་འགན་འཛིན་ལ་ཞལ་པར་བརྒྱུད་དམ། ཡང་ན་འདི་ག་ཚོགས་ཆུང་དུ་ཆེད་འབོད་ཀྱིས་གོ་བསྡུར་མཐིལ་ཕྱིན་གཤམ་གསལ་ལྟར་ཞུས་ཡོད།

༡༽     ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༨ ཉིན་རྩིས་ཞིབ་སྤྱི་ཁྱབ་པ་བཀའ་བརྒྱུད་དོན་འགྲུབ་མཆོག་གི་ལྷན་རྩིས་ཞིབ་ལས་ཁང་གི་ལས་བྱེད་ས་མིག་དང༌། ཆེད་ལས་ལས་བྱེད་བསྡུ་སྐོང་གི་བརྒྱ་ཆ་ ༥༠ ཟིན་དགོས་པ། ས་མིག་ཟུར་བཅད། རྩིས་ཞིབ་ཆེད་སྦྱོང་ཐོན་པ་བཅས་སྐོར་འདྲི་བརྩད་དང་གོ་བསྡུར་མཐིལ་ཕྱིན་ཞུས་ཏེ། ཕྱོགས་གཉིས་ཀར་གོ་བརྡ་འཕྲོད་ངེས་བྱུང༌།

༢༽     ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༨ ཉིན་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་སྨན་པ་བསོད་ནམས་སྒྲོལ་མ་དང༌། རྒྱུན་བཞུགས་རྒྱུན་ལས་སྨན་པ་ཚེ་རིང་མཚམས་གཅོད་རྣམ་གཉིས་ལྷན་སྨན་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་གྱི་འགན་དབང་དང་རྒྱུན་ལས་དབར་གྱི་འབྲེལ་བ། རྒྱུན་ལས་ཀྱི་སྒྲིག་གཞི་གཏན་འབེབས་བྱེད་ཕྱོགས། རྒྱལ་ཡོངས་ཚོགས་ཆེན་དུ་སྒྲིག་གཞི་གཏན་འབེབས་བྱ་རྒྱུའི་དབང་ཚད་བཅས་དང་འབྲེལ་བའི་སྐོར་འདྲི་བརྩད་གོ་བསྡུར་ཞུས།

༣༽     ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༤ ཉིན་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཚོགས་ཆུང་གི་ཚོགས་གཙོ་དྲུང་འཕར་དོན་འགྲུབ་རྡོ་རྗེ་དང༌། ཚོགས་ཟུར་ཟུང་དྲུང་ཚེ་རིང་སྟོབས་རྒྱལ་རྣམ་གཉིས་ལྷན་བསྐྱར་བཅོས་འཆར་འབུལ་དུ་སྒྲིག་གཞི་དོན་ཚན་ ༨ པའི་ནང་གསེས་ ༤ པ་ཕྱི་ལོ་ ༢༠༡༡ ཟླ་ ༣ པར་ཕྱིར་བསྡུ་ཞུ་དགོས་དང༌། ད་ལྟ་བསྐྱར་འཇུག་དགོས་པའི་རྒྱབ་ལྗོངས་རྒྱུ་མཚན་དང་འབྲེལ་སྒྲིག་གཞིའི་ནང་ཚིག་བརྗོད་དོགས་གནད་ཅན་ཁག་དང༌། ད་བར་ལག་བསྟར་མ་ཐུབ་པའི་དཀའ་གནད་བཅས་ཀྱི་སྐོར་ལ་གོ་བསྡུར་ཞིབ་ལྷུག་བྱུང༌།

༤༽    དབུས་འོས་བསྡུ་ལས་ཁང་ནས་ཡིག་ངག་གཉིས་ཐོག་འདི་ག་ཚོགས་ཆུང་དུ་ཆེད་བཅར་གནང་འདུན་གྱི་བསྐུལ་མ་ཐེངས་མང་བྱུང་བ་ལྟར། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༥ ཉིན་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་དང༌། འགན་འཛིན་ལས་འཕར་དགེ་བཤེས་རིག་འཛིན་ཆོས་གྲགས་རྣམ་གཉིས་ལྷན་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་འབུལ་དང་འབྲེལ་བའི་དོན་གནད་ཁག་ལ་ཡིག་ངག་གཉིས་ཐོག་གི་འགྲེལ་བརྗོད་ལ་གོ་བསྡུར་ཞིབ་ལྷུག་ཞུས།

༥༽     ཕྱི་ཟླ་ ༨ ཚེས་ ༡༦ ཉིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་སྣང་ས་ཆོས་སྒྲོན་ལྷན་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་འཆར་འབུལ་དང་འབྲེལ་བའི་དོན་གནད་ཁག་ལ་འདྲི་བརྩད་དང་གོ་བསྡུར་ཞུས།

༦༽     སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་འཕར་བཀྲིས་རྒྱ་མཚོ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་དང༌། ཚོགས་དྲུང་ལས་ཁུངས་ཀྱི་ཐད་བསྐོས་ལས་བྱེད་བསྐོ་ཕྱོགས་དང་འབྲེལ་བའི་བཞུགས་མོལ་ཚོགས་འདུའི་བསྐྱར་བཅོས་འཆར་འབུལ་སྐོར་ཚོགས་ཆུང་དུ་ངག་ཐོག་འགྲེལ་བཤད་ཞུ་རྒྱུའི་རེ་འདུན་བྱུང་བ་ལྟར། ཕྱི་ཟླ་ ༨ ཚེས་ ༡༦ ཉིན་ཁོང་གི་ལྷན་ངག་ཐོག་འགྲེལ་བརྗོད་ཁག་ལ་འདྲི་བརྩད་དོགས་གཅོད་བྱས།

༧༽     གཞན་ཡང་རྩིས་ཞིབ་སྤྱི་ཁྱབ་པ་དང༌། བཀའ་དྲུང༌། ནང་སྲིད་དྲུང་ཆེ། འདེམས་ལྷན་དྲུང་ཆེ་སོགས་འབྲེལ་ཡོད་འགན་འཛིན་ཁག་ལའང་ཞལ་པར་ཐེངས་མང་བརྒྱུད་དོགས་གནད་ཅན་གྱི་ཚིག་བརྗོད་རེ་རེ་བཞིན་འདྲི་བརྩད་དོགས་སེལ་བྱས་ཏེ་གོ་དོན་ལྟར་ཚིག་བརྗོད་ལེགས་བཅོས་ཞུས།

 

དྲུག་པ། ཚོགས་ཆུང་གི་མཐོང་ཕྱོགས་དང་སླད་དགོངས་བཞེད་དགོས་ཁག 

 

༡༽     སྤྱི་འཐུས་ལྷན་ཚོགས་ནས་གལ་ཆེ་དོན་ཆེར་བརྩིས་ཏེ་བསྐྱར་བཅོས་སོང་བའི་ཁྲིམས་སྒྲིག་ཁག་སྐབས་བསྟུན་སོ་སོར་དེབ་གཟུགས་དང་བཅས་པ་འགྲེམས་སྤེལ་ཞུ་བཞིན་ཡོད་ཀྱང༌། འབྲེལ་ཡོད་ལས་ཁུངས་དང་སྡེ་ཚན་ཁག་གི་ལས་ཀྱི་སྣེ་མོ་བ་འགའ་ཞིག་ནས་དོ་སྣང་བྱས་མེད་པའི་ཚོར་སྣང་ཤུགས་ཆེ་བྱུང་བ།  དཔེར་ན་ནང་སྲིད་ལས་ཁུངས་ཀྱིས་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་དོན་ཚན་ ༧ པའི་ནང་གསེས་ ༡༢ ལ་བསྐྱར་བཅོས་འཆར་འབུལ་གནང་སྐབས་ཕྱི་ལོ་ ༢༠༠༢ ཟླ་ ༡༠ ཚེས་ ༣ གྱི་བསྐྱར་བཅོས་ཚིག་བརྗོད་ལས། ༢༠༠༩ ཟླ་ ༣ ཚེས་ ༢༧ ཉིན་སོང་བའི་བསྐྱར་བཅོས་ལ་དོ་སྣང་བྱུང་མེད་པ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་འདེམས་ལྷན་སྒྲིག་གཞི་དོན་ཚན་ ༡༧ ནང་གསེས་ ༣ པའི་བསྐྱར་བཅོས་ཚིག་བརྗོད་ཕྱི་ལོ་ ༡༩༩༣ ལས། ༢༠༡༠ ཟླ་ ༩ ཚེས་ ༡༧ ཉིན་གྱི་བསྐྱར་བཅོས་ཀྱི་ཚིག་བརྗོད་བཀོད་མི་འདུག་ན། མ་འོངས་པར་འདི་རིགས་སླ་བཅོས་མ་སོང་བར་ངེས་པར་ཡིད་གཟབ་གནང་གལ།

༢༽     བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་དགོངས་དོན་ཇི་བཞིན་ལག་བསྟར་མ་ཐུབ་པ་དཔེར་ན་གངས་སྐྱིད་སིལ་སྤོལ་ཐང་འོག་གི་ས་ཁང་ཁ་ཤས་དཔལ་ལས་ནས་སྒྲིག་གཞི་གང་དུའང་མ་གསལ་བའི་ཁང་གླ་ལེན་རྒྱུའི་ཐག་བཅད་པ་དང༌། སྒྲིག་གཞི་འདི་གཏན་འབེབས་བྱས་པ་ནས་ད་བར་གཞུང་སའི་ཐོག་སྒེར་གྱི་འཛུགས་སྐྲུན་བྱས་པའི་རིགས་ད་ལྟ་ལྷག་ཡོད་མེད་དང༌། ཡོད་ན་དེའི་རྒྱུ་མཚན། གཙང་བཟོ་མ་ཐུབ་པའི་དཀའ་ངལ་ཇི་འཕྲད་སོགས་དང་འབྲེལ་བའི་སྐོར་མ་འོངས་ཆེད་བཙུགས་ཚོགས་ཆུང་ཞིག་བཙུགས་ཏེ་བསྐྱར་བཅོས་ཇི་དགོས་ངེས་པར་གཟིགས་དགོས།

༣༽   ཕྱོགས་མཐའི་ལས་བྱེད་དབུས་སུ་གནས་སྤོས་སྐབས་ལས་ཤག་གི་སྒུག་ཐོ་ཨང་དང་པོར་འཇོག་དགོས་པ་དབུས་ཀྱི་ལས་བྱེད་སྒུག་ཐོར་ཡོད་པ་དེ་བས་ཁྱད་པར་ཆེ་བའི་རྒྱུ་མཚན་ཚད་ལྡན་མི་འདུག་ན་མ་འོངས་པར་དོན་དངོས་དང་མཐུན་པའི་ལག་བསྟར་གནང་ཐབས་དགོས་གལ།

༤༽    བཅའ་ཁྲིམས་དོན་ཚན་ ༧༨ ནང་གསེས་ ༢ པ་དང༌། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༧༠ པའི་ནང་གསེས་ ཁ པ་འདི་བཞིན་ད་བར་ལག་བསྟར་ཚུལ་བཞིན་བྱུང་མེད་པ་དང༌། ད་ལྟའི་ཆར་དགོས་གལ་མ་མཐོང་ན་ངེས་པར་བསྐྱར་བཅོས་དགོས་གལ།

༥༽     འཛིན་སྐྱོང་སྒྲིག་གཞིའི་ཟུར་འཛར་ཁག་ལ་འཛིན་སྐྱོང་བཀའ་ཤག་ནས་བསྐྱར་བཅོས་གནང་སྒོ་ཇི་ཡོད་གནང་སྟེ་དུས་ནས་དུས་སུ་གྲོས་ཚོགས་ཀྱི་གསོལ་ཅོག་ཐོག་འབུལ་དགོས་པ་དང༌། འབྲེལ་ཡོད་ལས་ཁུངས་ཚང་མའི་གལ་ཆེའི་ཡིག་ཁོངས་སུ་འཇོག་གལ་མཐོང༌།

༦༽   མཛད་གཙོ་རྣམ་པའི་གྲས་ནས་བཀའ་བློན་རྣམ་པ་དང༌། སྤྱི་འཐུས་རྣམ་པ་ཙམ་མ་གཏོགས་གཞན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དང༌། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་རང་རང་ལས་འཁྱུར་སྐབས་ལས་ཐོན་བགྲེས་ཕོགས་སྒྲིག་གཞིའི་ནང་དུ་གསལ་འདུག་ན། ད་སྐབས་མཛད་གཙོ་རྣམ་པ་ཚང་མ་འོས་བསྡུའི་ལམ་ནས་ཡོང་བ་འདྲ་མཉམ་མ་ཟད་མཛད་གཙོ་རྣམ་པར་བགྲེས་ཕོགས་འབུལ་རྒྱུའི་དགོས་དམིགས་ཀྱང་གཅིག་མཚུངས་ལ་སོང་གྲོས་ཚོགས་ནས་གཅིག་གྱུར་བཟོ་ཐབས་གནང་གལ།

༧༽     བཀའ་བློན་ཁྲི་པའི་དམ་འབུལ་དུས་ཚོད་གཅིག་གྱུར་གཏན་འཁེལ་མེད་པའི་རྐྱེན་གྱིས་ལས་དོན་ལ་འཐུས་ཤོར་འགྲོ་གཞི་དང༌། འཛིན་སྐྱོང་སྒྲིག་གཞིའི་དོན་ཚན་ཁག་འགའི་དགོངས་དོན་དང་མི་མཐུན་པ་ཆགས་ཀྱི་འདུག་ན། ད་ལྟའི་ཆར་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་དུས་མཉམ་དུ་གནང་སྲོལ་འདུག་པ་ལྟར་སྤྱི་འཐུས་རྣམ་པའི་དམ་འབུལ་དུས་ཚེས་འོས་བསྡུ་ཆེན་མོ་གྲུབ་ལོའི་ཕྱི་ཟླ་ ༥ ཚེས་ ༣༠ དང༌། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོའི་དམ་འབུལ་དུས་ཚེས་ཟླ་ ༥ ཚེས་ ༣༡ བཅས་འཆར་ཅན་གཅིག་གྱུར་གཏན་འབེབས་ཡོད་པ་ལྟར། གལ་སྲིད་བཀའ་བློན་ཁྲི་པ་མཆོག་གི་དམ་འབུལ་དུས་ཚེས་ཀྱང་འཆར་ཅན་ལོ་དེའི་ཕྱི་ཟླ་ ༥ ཚེས་ ༣༡ ལ་གཏན་འབེབས་བྱུང་ཐུབ་ན། གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་བཀའ་བློན་གཞན་གྱི་འོས་གཞི་འདོན་ཐུབ་པ་དང༌། ཕྱི་ཟླ་ ༩ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་བཀའ་བློན་སོ་སོའི་ལས་ཁུངས་ཁག་ལ་གང་འཚམས་རྒྱུས་མངའ་ཡོང་རྒྱུ་མ་ཟད་ལས་བསྡོམས་ལའང་ལན་འདེབས་དགོས་སྟབས་གང་ཅིའི་ཆ་ནས་ཕན་ཁྱད་ལ་བརྟེན། མ་འོངས་པར་འབྲེལ་ཡོད་རྣམས་གོ་བསྡུར་གྱིས་འབྲེལ་ཆགས་སྒྲིག་གཞིར་བསྐྱར་བཅོས་ཐུབ་པ་བྱུང་ན་དགེ་མཚན་ཆེ་བར་མངོན།

༨༽   ལོ་མང་ནས་རང་ཁོངས་ལས་བྱེད་ཡོད་མུས་རྣམས་ལ་ལས་བྱེད་སྤྱི་མཚུངས་དང་ཐོབ་ཐང་འདྲ་མཉམ་མེད་སྟབས་འཛིན་སྐྱོང་ནས་ལས་བྱེད་སྤྱིའི་ཐོབ་ཐང་ལྟར་སྤྱི་འགྲེ་སྤྱི་མཚུངས་བཟོ་ཐབས་གནང་གལ།

 

མདོར་ན་ད་ཐེངས་ཚོགས་ཆུང་གི་ཚོགས་མི་རྣམས་ཕྱི་ཟླ་ ༦ ཚེས་ ༦ ནས་ལས་འཁུར་དངོས་སུ་འགོ་འཛུགས་ཞུས་ཏེ། དུས་ཡུན་ཟླ་བ་གསུམ་རིང༌། སྤྱི་འཐུས་རྒྱུན་ལས་རྣམ་པ་རྣམ་ཀུན་རྒྱུན་ལས་ཚོགས་འདུར་ཞུགས་དགོས་གྱུར་པ་ཕུད། དེ་མིན་ཉིན་ལྟར་ཚོགས་བཅར་ཞུས་ཏེ་ཁྲིམས་སྒྲིག་ཡོངས་རྫོགས་ལ་བསྐྱར་ཞིབ་དང་ཞུ་དག་ནན་འདྲོངས་ཞུས་ཡོད་ལ། སྐབས་འགར་གཟའ་སྤེན་པའི་གུང་གསེང་དང་ཉི་མ་ལའང་ཡིག་ཆ་ཁག་བགོས་ཀྱིས་ཞུ་དག་བཏང་དགོས་བྱུང་བ་དང༌། ཚོགས་དྲུང་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཆོས་སྒྲོན་ནས་ལས་བྲེལ་དང་ཁོམ་ལྕོག་ཡོད་མེད་ལ་མ་ལྟོས་པར་དགོས་གལ་ནམ་བྱུང་སྐབས་འཐུས་ཤོར་མེད་པར་ཁྲིམས་སྒྲིག་ཁག་གི་མ་དཔེ་ཀམ་པུའི་ཊར་ནང་རེའུ་མིག་དང་བཅས་དུས་ཐོག་འཇུག་ཐུབ་པའི་མཐུན་འགྱུར་བྱུང་བ་དང༌། ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ལས་བསྟན་འཛིན་ནོར་བུ་ནས་ཁྲིམས་སྒྲིག་ཁག་ཏུ་དོགས་ཅན་གྱི་ཡིག་རིགས་གང་དགོས་བཀོད་མངགས་ལྟར་དུས་ཐོག་འཚོལ་སྒྲུག་བྱུང་བ་བཅས་ལ་བརྟེན་ད་ཐེངས་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང༌། ཁྲིམས་སྒྲིག་ཁག་གི་བསྐྱར་བཅོས་འཆར་འབུལ་འཐུས་སྒོ་ཚང་བ་ཞིག་དུས་ཐོག་ཕུལ་ཐུབ་པ་བྱུང་བ་བཅས་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོས་ཆེད་བཙུགས་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༥ ལ།། །།

 

༡༽ སྤྱི་འཐུས་པདྨ་འབྱུང་གནས། ཚོགས་གཙོ།
༢༽ སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན། དྲུང་ཆེ།
༣༽ སྤྱི་འཐུས་ཐུབ་བསྟན་ལུང་རིགས། ཚོགས་མི།
༤༽ སྤྱི་འཐུས་ཀརྨ་ཡེ་ཤེས། ཚོགས་མི།
༥༽ སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། ཚོགས་མི།