སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་འདུས་ ༡༠ པ་ཕྱི་ལོ་ ༢༠༡༥།༩།༡༥ ནས་ ༢༥ བར་འཚོགས་བཞིན་པའི་ལས་ཉིན་གསུམ་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

                                               DSC04403     

 ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༧ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཡི་ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཉིན་འདིའི་ལས་རིམ་དབུ་འཛུགས་གནང་བ་དང་སྦྲགས། སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཕྱི་ལོ་ ༢༠༡༡ ལོ་ནས་ ༢༠༡༥ ལོ་བར་ལས་བྱེད་གསར་འདེམས་དང་རྩ་དགོངས་ཞུ་དོན་ཐོག སྐར་རྟགས་ཅན་གྱི་དྲི་བ་ཨང་ ༢ པ་གནང་བར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ལན་འདེབས་གནང་བ་དང་། དེ་འབྲེལ་སྤྱི་འཐུས་ ༡༡ གིས་འཕྲོས་དོན་དྲི་བ་གནང་བ་ཁག་སོ་སོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་།DSC04404

ཡིག་ཆ་ཨང་ ༡༣ པ། ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༤ ་་་ ༡༥ ལོའི་ལས་བསྡོམས་སྙིང་བསྡུས། དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་སྙན་སྒྲོན་གནང་བ་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་སྙན་སྒྲོན་གནང་། སྙན་སྒྲོན་ཟིན་པའི་ལས་བསྡོམས་དང་སྙན་ཐོ་གཉིས་ཀྱི་ཐད་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་སྤྱི་འཐུས་རྒྱ་རིགས་ཐར་མཆོག་ནས་བཏོན་གནང་བ་དང་། སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག་གིས་དེ་ལ་རྒྱབ་སྐྱོར་གནང་།

DSC04407གྲོས་ཚོགས་ནང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་སྐུ་མགྲོན་ Prof Madhu Kishwar མཆོག་ད་རེས་གྲོས་ཚོགས་སུ་ཕེབས་ཡོད་པ་དང། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁོང་ལ་ཕེབས་བསུ་དང་གྲོས་ཚོགས་ཚོགས་མི་ཡོངས་ནས་དགའ་བསུ་ཞུས་གནང་།

ཆུ་ཚོད་ ༡༡།༡༥ ཐོག་སྤྱི་འཐུས་རྣམ་པ་བཞུགས་མོལ་ཚོགས་འདུ་གནང་ཡོད་པ་རེད།

DSC04412ཉིན་རྒྱབ་ནས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་སྐབས་སྤྱི་འཐུས་ ༡༡ གིས་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ལན་འདེབས་གནང་ཡོད།

གསོལ་ཇའི་བར་གསེང་རྗེས་སླར་ཡང་སྤྱི་འཐུས་རྣམ་པ་བཞུགས་མོལ་ཚོགས་འདུ་གནང་ཡོད་པ་བཅས་ཀྱི་ལས་རིམ་སྙིང་བསྡུས་སུ།།