སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་འདུས་ ༡༠ པ་དབུ་འཛུགས་དང་སྦྲགས་ལས་ཉིན་དང་པོར་ལས་རིམ་བསྐྱངས་པ་སྙིང་བསྡུས།

to uploadསྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་འདུས་ ༡༠ པ་དབུ་འཛུགས་དང་སྦྲགས་ལས་ཉིན་དང་པོར་ལས་རིམ་བསྐྱངས་པ་སྙིང་བསྡུས།

ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་ནང་ལྷན་འཛོམས་གྲུབ་རྗེས་རྟེན་འབྲེལ་གསོལ་ཇ་འབྲས་བསིལ་འདེགས་འབུལ་དང་། དཔལ་ལྡན་ཚོགས་གཙོ་མཆོག་ནས་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་དབུ་འཛུགས་དང་སྦྲགས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གནང་བ་དང་། ཚོགས་གཙོ་མཆོག་ནས་ཐེངས་འདིའི་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་གྲུབ་རྗེས། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་། དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༩ པའི་ནང་གསེས་ ༡ ནང་གསལ། ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ་སུ་ཡང་ངོ་བཞུགས་མེད་པའི་སྐབས། ཚོགས་འདུའི་གཙོ་སྐྱོང་གནང་མཁན་ཚོགས་གཙོའི་ལས་ཚབ་ཀྱི་འོས་མི་ལྔ་ལས་མ་མང་བའི་མཚན་གཞུང་ཚོགས་གཙོ་སྦྲེལ་པོ་བཟོ་འགོད་ཀྱིས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བསྒྲགས་དང་མོས་མཐུན་ཞུ་དགོས་པ་ལྟར། ཐེངས་འདིའི་ཚོགས་གཙོའི་ལས་ཚབ་ཀྱི་འོས་མིར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག སྤྱི་འཐུས་གངས་ལྷ་མོ་མཆོག་བཅས་བཏོན་གནང་བར་མོས་མཐུན་བྱུང་།

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༡༦ པའི་ནང་གསལ་ཚོགས་གཙོ་སྦྲེལ་པོ་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་རིམ་ཐོ་འགོད་ལས་དོན་ལ་རོགས་རམ་དང་སློབ་སྟོན་གནང་མཁན་སྤྱི་འཐུས་གསུམ་ནས་ལྔ་བར་ཡོད་པའི་ལས་རིམ་ཚོགས་ཆུང་རེ་ཚོགས་གཙོ་ལྷན་རྒྱས་ནས་ཚོགས་དུས་རེ་རེ་བཞིན་གསར་བསྐོ་གནང་རྒྱུ་གསལ་བ་ལྟར། སྤྱི་འཐུས་རྒྱ་རི་བུ་ཕྲུག་མཆོག སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་མཆོག་བཅས་ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་བར་མོས་མཐུན་བྱུང་།

to upload 1གཞན་ཡང་ཕྱི་ལོ་ ༢༠༠༩།༢།༢༧ ནས་ ༢༠༡༥།༣།༥ བར་བོད་ནང་གི་རང་ལུས་མེར་བསྲེགས་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་ ༡༣༦ བྱུང་ཡོད་པ་རྣམས་ལ་གྲོས་ཚོགས་སྔོན་མར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཞུས་ཟིན་པ་དང་། དེ་རྗེས་བོད་ནང་དུ་རང་ལུས་མེར་བསྲེགས་མུ་འཐུད་གནང་མཁན་ (༡༣༧) ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༨ ཉིན་ཁམས་དཀར་མཛེས་ཀྱི་རང་ལོ་ ༤༧ སོན་པ་ཡེ་ཤེས་མཁའ་འགྲོ་ལགས་དང། (༡༣༨) ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༦ ཉིན་མདོ་སྨད་རྔ་པ་རྫོང་གི་རང་ལོ་ ༤༥ སོན་པའི་དམ་དཀར་རམ། གནས་སྐྱབས་ལགས། (༡༣༩) ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༠ ཉིན་ཁམས་རྟའུ་རྫོང་གི་རང་ལོ ༣༥ སོན་པ་བསྟན་འཛིན་རྒྱ་མཚོ་ལགས། (༡༤༠) ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༧ ཉིན་མདོ་སྨད་ཅོ་ནེ་རྫོང་གི་རང་ལོ་ ༣༦ སོན་པ་སངས་རྒྱས་རྒྱ་མཚོ་ལགས། (༡༤༡) ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༩ ཉིན་ཁམས་སྐྱེ་རྒུ་མདོ་ཡི་གྲྭ་རང་ལོ་ ༢༦ སོན་པ་བསོད་ནམས་སྟོབས་རྒྱལ་ལགས། (༡༤༢) ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༧ ཉིན་མདོ་སྨད་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོའི་དངུལ་ར་སྡེ་པ་ཡི་རང་ལོ་ ༥༥ ཙམ་སོན་པ་བཀྲ་ཤིས་སྐྱིད་ལགས་བཅས་ད་བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་བོད་མི་སེར་སྐྱ་གྲངས་(༡༤༢) རྣམས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་རྒྱ་རིགས་ཐར་མཆོག་གིས་བཏོན་གནང་བ་དང་།

དེ་རྗེས་བཙན་བྱོལ་བོད་གཞུང་གི་བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་མཆོག་ནི་ཡུན་རིང་སྙུན་བཞེས་ཀྱིས་མཐར་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༤ ཉིན་སྔ་དྲོ་ཆུ་ཚོད་ ༩།༢༠ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག་གིས་བཏོན་གནང་བ་དང།

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ཟུར་པ་དང་། དགའ་གདོང་སྐུ་རྟེན་བསྟན་འཛིན་དབང་གྲགས་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༩ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༥༡ ཐོག་དགུང་གྲངས་ ༧༨ སྟེང་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་བཏོན་གནང་།

དེ་ནས་ཡིག་ཆ་ཨང་ ༦ པ། རྒྱ་གར་སྲིད་འཛིན་ཟུར་པ་སྐུ་ཞབས་ Dr A.P.J Abdul kalam མཆོག་གློ་བུར་སྙུན་བཞེས་རྐྱེན་པས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༧ ཉིན་དགུང་གྲངས་ ༨༣ ལ་ཕེབས་པའི་ཐོག་རྒྱ་གར་བྱང་ཤར་མངའ་སྡེ་མེ་གྷ་ལ་ཡའི་རྒྱལ་ས་ཤིས་ལོངས་སུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བཏོན་གནང་ལྟར་གོང་གསལ་འདས་གྲོངས་ཕྱིན་པ་རྣམས་ལ་ངག་བཅད་མྱ་ངན་གུས་འདུད་སྐར་མ་ ༡ རིང་གནང་།

ཡིག་ཆ་ཨང་ ༧ པ། བོད་ནང་རྫ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་བཏོན་གནང་བ་དང་། རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་གིས་གནང་བ། གྲོས་ཆོད་དེ་དང་འབྲེལ་བའི་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་ ༢༧ དང་། དཔལ་ལྡན་སྲིད་སྐྱོང་མཆོག་བཅས་ནས་ཆ་ཤས་བཞེས་ཏེ་བགྲོ་གླེང་ལྷུག་པོར་གནང་བ་མ་ཟད། གྲོས་ཆོད་སྤྱི་མོས་ཀྱིས་ཐོག་ནས་གཏན་ལ་ཕབ་པ་བཅས་ཉིན་འདིར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།།