སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་འདུས་ ༡༡ པ་དབུ་འཛུགས་དང་སྦྲགས་ལས་ཉིན་དང་པོར་ལས་རིམ་བསྐྱངས་པ་སྙིང་བསྡུས།

 

_DSC0649
གྲོས་ཚོགས་སྐབས་ ༡༥ པའི་ཚོགས་དུས་ ༡༡ དབུ་འཛུགས་སྐབས།

སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཀྱིས་དཔལ་ལྡན་ཚོགས་གཞོན་མཆོག་གིས་དབུས་བོད་མི་མང་སྤྱི་འཐུས་རྣམ་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་དཔལ་ལྡན་བཀའ་བློན་རྣམ་པ་བཅས་ཚོགས་མི་རྣམས་ལྷན་འཛོམས་གནང་ཞིང་། ཐོག་མར་རྟེན་འབྱུང་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་། དེ་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ། ཚོགས་གཙོའི་དབུ་འཛུགས་ཀྱི་གསུང་བཤད་གྲུབ་རྗེས་ཚོགས་གཙོ་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་།

དེ་ནས་རིམ་བཞིན་སྔ་འགྱུར་རྙིང་མའི་དབུ་འཛིན་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དགོངས་པ་ཞི་དབྱིངས་སུ་གཤེགས་པ་དང་། བོད་དང་རྒྱ་གར་ནང་རང་ལུར་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་ཆེད་མྱ་ངན་གུས་འདུད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་། བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པ་བཅས་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་དང་།

གུས་འདུད་ཞུ་བཞིན་པ།
གུས་འདུད་ཞུ་བཞིན་པ།

བོད་ནང་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཅས་བཏོན་ཅིང་། དེ་དག་ཐོག་ཚོགས་མི་རྣམ་པ་ ༡༠ ཡིས་བགྲོ་གླེང་གནང་ཡོད་པ་དང་། འཕྲོས་རྣམས་མུ་མཐུད་སང་ཉིན་གནང་རྒྱུར་འཇོག་གནང་ཡོད་པ་རེད།

ཉིན་རྒྱབ་ཀྱི་ཚོགས་ཐེངས་སུ་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༦་་་༡༧ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་བ་དང་། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་རྩིས་ལོ་ ༢༠༡༦་་་༡༧ ལོའི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་། སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་མཆོག་གིས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོར་སྤྱི་ཡོངས་བགྲོ་གླེེང་དགོས་པའི་གྲོས་འཆར་བཏོན་གནང་བར་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་རྒྱབ་སྐྱོར་གནང་སྟེ། ཉིན་རྒྱབ་ཚོུད་ ༢:༣༠ ཐོག་གྲོས་ཚོགས་ཉིན་དང་པོ་གྲོལ་བ་བཅས་ཀྱི་གནས་བསྡུས་སུ།

དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༦་་་༡༧ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་སྐབས།
དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༦་་་༡༧ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་སྐབས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་རྩིས་ལོ་ ༢༠༡༦་་་༡༧ ལོའི་སྙན་ཐོ་སྙན་སྒྲོན་གནང་བཞིན་པ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་རྩིས་ལོ་ ༢༠༡༦་་་༡༧ ལོའི་སྙན་ཐོ་སྙན་སྒྲོན་གནང་བཞིན་པ།