སྐབས་ ༡༥ པའི་གྲོས་ཚོགས་ཚོགས་འདུས་ ༡༠ པ་ཕྱི་ལོ་ ༢༠༡༥།༩།༡༥ ནས་ ༢༥ བར་འཚོགས་བཞིན་པའི་ལས་ཉིན་བཅུ་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

IMG_0983ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༥ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་ལས་ཉིན་མཐའ་མ་དེ་བཞིན་དཔལ་ལྡན་ཚོགས་གཙོ་མཆོག་གི་གྲོས་ཚོགས་དབུ་འཛུགས་ཐོག ཁྲིམས་བཟོའི་ལས་དོན། བརྗོད་པ་གསུམ་པ་དང་གཏན་འབེབས། ཡིག་ཆ་ཨང་ ༥༧།༥༨།༥༩།༦༠།༦༡ དེའི་བརྗོད་པ་གསུམ་པ་བཅས་སྤྱི་མོས་ཐོག་གཏན་འབེབས་གནང་།

གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཁག་དང་། བཟོ་བཅོས་གྲོས་འཆར། སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཡིག་ཆ་ཨང་ ༥༤ པ། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་གནང་བ་དང་། དེ་ལ་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་གིས་རྒྱབ་སྐྱོར་གནང་བ་དང་སྤྱི་མོས་ཀྱིས་གཏན་ལ་ཕབ།

IMG_0955ཡིག་ཆ་ཨང་ ༦༢ པ། སྤྱི་འཐུས་བཀྲས་མཐོང་བསྟན་འཛིན་དབང་པོ་མཆོག་གིས་གཞུང་འབྲེལ་གྱོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༥༤ པའི་གྲོས་འཆར་དོན་ཚན་ ༥ པར་བཟོ་བཅོས་གྲོས་འཆར་བཏོན་གནང་བ་དང་། དེ་ལ་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་མཆོག་གིས་རྒྱབ་སྐྱོར་གནང་བ་ལ་དགག་བྱ་བྱུང་བར་བརྟེན་གྲོས་ཚོགས་ནང་བགྲོ་གླེང་མ་ཚུད་པ་ཟགས།

ཡིག་ཆ་ཨང་ ༦༣ པ། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་གནང་བ་དང་། དེ་ལ་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་གིས་རྒྱབ་སྐྱོར་གནང་བ་དང་། གྲོས་ཆོད་དོན་ཚན་ ༢ པ་མང་མོས་དང་གཞན་རྣམས་སྤྱི་མོས་ཐོག་གཏན་ལ་ཕབ།

ཡིག་ཆ་ཨང་ ༥༥ པ། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་གཞུང་འབྲེལ་གྲོས་འཆར་བཏོན་གནང་བ་དང་། དེ་ལ་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་མཆོག་གིས་རྒྱབ་སྐྱོར་གནང་།

IMG_0972བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་ཟིན་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་། ཡིག་ཆ་ཨང་ ༦༤ པ། སྤྱི་འཐུས་རྒྱ་རིགས་ཐར་མཆོག་གིས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་གནང་བ་དང་། དེ་ལ་སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག་གིས་རྒྱབ་སྐྱོར་གནང་།

IMG_0979སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་སྟོབས་རྒྱལ་ལགས་ཀྱིས་སྤྱི་འཐུས་རྣམ་པས་དགོངས་ཤོག་ཕུལ་བ་ཁག་སྙན་སྒྲོན་གནང་བ་དང་།   དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་དུས་ ༡༠ པའི་མཇུག་བསྡོམས་ཀྱི་གསུང་བཤད་གནང་རྗེས་ཉིན་རྒྱབ་ཆུ་ཚོད་ ༢ དང་སྐར་མ་ ༢༠ ཙམ་ལ་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༠ པ་གྲོལ་བའི་གསལ་བསྒྲགས་གནང་བ་དང་བཅས།།