སྐབས་ ༡༥ པའི་གྲོས་ཚོགས་ཚོགས་འདུས་ ༡༠ པ་ཕྱི་ལོ་ ༢༠༡༥།༩།༡༥ ནས་ ༢༥ བར་འཚོགས་བཞིན་པའི་ལས་ཉིན་བརྒྱད་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

1ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༣ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་གྲོས་ཚོགས་དབུ་འཛུགས་དང་འབྲེལ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསལ་བཤད་གནང་བ་དང་། བཀའ་ཤག་གི་གསལ་བཤད་ཐོག་གཞུང་འབྲེལ་བགྲོ་གླེང་དགོས་པའི་གྲོས་འཆར་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་གིས་བཏོན་གནང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་དེ་ལ་རྒྱབ་སྐྱོར་གནང་།

ཁྲིམས་སྒྲིག་བསྐྱར་བཅོས། བརྗོད་པ་དང་པོའི་ཐོག ཡིག་ཆ་ཨང་ ༤༦ པ། སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཐོག་ཁྲིམས་འཆར་བཏོན་གནང་བ་དང་། དེ་ལ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་རྒྱབ་སྐྱོར་གནང་། ཡིག་ཆ་ཨང་ ༤༨ པ། སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་རྣམ་པར་གཟེངས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི་བཏོན་གནང་བ་དང་། དེ་ལ་སྤྱི་འཐུས་རྒྱ་རིགས་ཐར་མཆོག་གིས་རྒྱབ་སྐྱོར་གནང་། ཡིག་ཆ་ཨང་ ༤༩ པ། སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག་གིས་བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞིར་ཁྲིམས་འཆར་བཏོན་གནང་བ་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་དེ་ལ་རྒྱབ་སྐྱོར་གནང་སྟེ་ཡིག་ཆ་ཨང་ ༤༦།༤༨།༤༩ པ་རྣམས་ཀྱི་ཐོག་ནས་བརྗོད་པ་དང་པོ་ཟིན།

IMG_0771ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙིང་བསྡུས་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པའི་མུ་མཐུད་བགྲོ་གླེང་ཐོག་སླར་ཡང་སྤྱི་འཐུས་ ༡༨ ཀྱིས་ཆ་ཤེས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་།

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་གཞུང་འབྲེལ་གྲོས་ཆོད་ཨང་ ༢༠༡༥།༡༥།༩།༤ དང་། ཡིག་ཆ་ཨང་ ༡༢ པའི་དགོངས་དོན། གསོ་བ་རིག་པ་རྒྱ་གར་གཞུང་ཁྲིམས་ནས་ངོས་ལེན་གནང་བའི་རྗེས་འབྲེལ་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ནས་རྒྱ་གར་དབུས་སའི་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་ལམ་གྱིས་ལས་དོན་བྱེད་ཕྱོགས་དང་། ལྷན་ཚོགས་ཀྱི་ངོ་བོ་རྒྱུན་གནས་དགོས་མིན་དང་། ཐུབ་མིན་སོགས་ལས་དོན་བྱེད་ཕྱོགས་ལ་ད་ལྟའི་གནས་སྟངས་བཞིན་དཀའ་ངལ་མི་བྱུང་བ་བཅས་ཀྱི་ཆེད་སྤྱི་ཡོངས་རྟོག་ཞིབ་སླད་ཆེད་བཙུགས་ཚོགས་ཆུང་གི་སྙན་ཐོ་ཡིག་ཆ་ཨང་ ༡༠ པ་སྙན་སྒྲོན་ཟིན་པའི་བགྲོ་གླེང་ཐོག་སྤྱི་འཐུས་ ༡༧ གྱིས་ཆ་ཤེས་བཞེས་ཏེ་དགོངས་ཚུལ་དང་བགྲོ་གླེང་ལྷུག་པོར་གནང་།

IMG_0867ཡིག་ཆ་ཨང་ ༤༡ པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༦ པའི་ཞིབ་འཇུག་སྙན་ཐོར་འཛིན་སྐྱོང་བཀའ་ཤག་གིས་བདའ་འདེད་མཇུག་སྐྱོང་ཇི་གནང་གི་སྙན་ཐོ་ཕུལ་འབྱོར་བྱུང་བར་སྤྱི་འཐུས་རྒྱུན་ལས་ནས་མཇུག་སྐྱོང་ཇི་ཞུས་ཀྱི་ལས་བསྡོམས་སྙན་ཐོ་ཚོགས་གཞོན་བསོད་ནམས་བསྟན་འཕེལ་མཆོག་གིས་སྙན་སྒྲོན་གནང་བ་དང་བཅས། ཉིན་བརྒྱད་པར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།།