སྐབས་ ༡༥ པའི་གྲོས་ཚོགས་ཚོགས་འདུས་ ༨ པ་ཕྱི་ལོ་ ༢༠༡༤།༩།༡༢ ནས་ ༢༤ བར་འཚོགས་བཞིན་པའི་ལས་ཉིན་གསུམ་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

     ཕྱི་ལོ་༢༠༡༤ཟླ་ཚེས་༡༥ཉིན་སྔ་དྲོ་ཕྱག་ཚོད་༩།༣༠ཡི་ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ པ་ལ་དྭགས་སླེ་བྱང་གཉིས་ཀྱི་མི་མང་གི་དངོས་ཡོད་དགོས་ངེས་ཁག་གཅིག་འཛིན་སྐྱོང་ལ་གྲོས་ཚོགས་ཚོགས་དུས་དྲུག་པ་དང་བདུན་པའི་ནང་ས་གནས་སུ་བཅར་བའི་འབྲེལ་ཡོད་སྤྱི་འཐུས་ཀྱི་ལས་བསྡོམས་ཡིག་ངག་གཉིས་ཐོགདཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་ལན་འདེབས་གནང་བ་དང་།དེ་འབྲེལ་སྤྱི་འཐུས་ གྱིས་འཕྲོས་དོན་དྲི་བར་གནང་བ་ཁག་སོ་སོར་དཔལ་ལྡན་འཕྲོ་བསྟེན་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།

དེ་བཞིན་སྤྱི་འཐུས་མཆོག་ནས་སྐར་རྟགས་ཅན་གྱི་དྲི་བ་ཨང་པ་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་ནས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གནང་ངེས་དང་འབྲེལ་བའི་སྐོར་དྲི་བ་གནང་བར།དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་ནས་ལན་འདེབས་གསལ་བཤད་གནང་བདང་།དེ་འབྲེལ་སྤྱི་འཐུས་ ༡༢ ཀྱིས་འཕྲོས་དོན་དྲི་བར་གནང་བ་ཁག་ལ་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིིིས་ལན་འདེབས་གསལ་བཤད་གནང་།

ཉིན་འདིའི་ལས་རིམ་པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་གོ་བདུན་པའི་དགོངས་དོན་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས་འོས་འདེམས་ཀྱི་འོས་མི་གཉིས་ཀྱི་མཚན་དང་ལོ་རྒྱུས་འདེམས་སྒྲུག་ཚོགས་ཆུང་ནས་ཕུལ་བ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྙན་སྒྲོན་ཟིན་རྗེས། སྤྱི་འཐུས་ཚོགས་གཞོན་བརྩིས་པའི་ངོ་ཡོད་སྤྱི་འཐུས་ ༣༩ གྱིས་འོས་འཕན་གནང་སྟེ། བཙན་བྱོལ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་སུ་འོས་གྲངས་ ༢༠ དང་། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་སུ་འོས་གྲངས་ ༡༦ ཐོབ་པ། འོས་གྲངས་ ༣ རྩིས་མེད་དུ་སོང་བས། ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་སུ་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགསསུ་བདམས་ཐོན་བྱུང་བ་དཔལ་ལྡན་ཚོགས་གཙོ་མཆོག་ནས་གསལ་བསྒྲགས་གནང་།

ཉིན་འདིའི་ལས་རིམ་ ལས་ཉིན་འདི་སྔོན་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༣་་་ ༡༤ ལོའི་ལས་བསྡོམས་སྙིང་བསྡུས་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་གནང་བ་གཉིས་ཀྱི་ཐད་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་ཟིན་པར་དཔལ་ལྡན་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནས། སྤྱི་འཐུས་རྒྱུན་ལས་ཀྱིས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་ནང་གསལ་དྲི་བ་ཁག་ལ་ལན་འདེབས་གནང་བ་དང།  ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་སྐབས་སྤྱི་འཐུས་ ༡༩ ཡིས་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།

ཉིན་རྒྱབ་གྲོས་ཚོགས་ནང་། རྒྱ་གར་སྐུ་མགྲོན་ Mohan guruswamy མཆོག་གྲོས་ཚོགས་སུ་ཕེབས་ཡོད་པ་དང་། སྐབས་དེར་ཚོགས་གཙོ་མཆོག་གིས་ཕེབས་བསུ་དང་སྦྲགས་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་སྟེ་ཚོགས་མི་ཡོངས་ནས་དགའ་བསུ་ཞུས་གནང་། ཁོང་ནི་ (Harvard) གཙུག་ལག་ཁང་ནས་སློབ་ཐོན་པ་ཞིག་ཡིན་པ་དང་། ད་ལྟའི་དུས་ལ་(centre for policy alternatives society) སྲིད་ཇུས་གཞན་ཁག་གི་ཚོགས་གཙོ་བྱེད་བཞིན་པ་དང་། རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པ་མ་ཟད་ཁོང་གི་རྩོམ་གནང་པའི་གསར་ཤོས་ཕྱག་དེབ་ (chasing the dragon;Will india catch -up with china?)ཞེས་པ་ཞིག་བརྩམས་གནང་ཡོད་པ་རེད།

ཉིན་འདིའི་ལས་རིམ་ ༤ པ། ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༣་་་༡༤ ལོའི་ལས་བསྡོམས་སྙིང་བསྡུས། དཔལ་ལྡན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་སྙན་སྒྲོན་གནང་བ་བཅས། ལས་ཉིན་གསུམ་པར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།