སྐབས་ ༡༥ པའི་གྲོས་ཚོགས་ཚོགས་འདུས་ ༨ པ་ཕྱི་ལོ་ ༢༠༡༥།༩།༡༥ ནས་ ༢༥ བར་འཚོགས་བཞིན་པའི་ལས་ཉིན་ལྔ་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༩ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ནང་ཤེས་འཕྲོད་གསུམ་ནས་རྒྱ་བལ་འབྲུག་གསུམ་ནང་ཉམ་ཐག་བསྐྱར་ཞིབ་ཀྱི་ལས་རིམ་ཀྱི་ཐོག སྐར་རྟགས་ཅན་གྱི་དྲི་བ་ཨང་ ༣ པ་གནང་བར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ལན་འདེབས་གནང་བ་དང་། དེ་འབྲེལ་སྤྱི་འཐུས་ ༡ གིས་འཕྲོས་དོན་དྲི་བ་གནང་བ་ཁག་སོ་སོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་།

DSC04437ལས་ཉིན་འདིའི་སྔོན་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༤ ་་་ ༡༥ ལོའི་ལས་བསྡོམས་སྙིང་བསྡུས་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་གནང་བ་གཉིས་ཀྱི་ཐད་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་ཟིན་པར་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས། ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་སྐབས་སྤྱི་འཐུས་ ༤ ཡིས་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།

ཡིག་ཆ་ཨང་ ༡༩ པ། དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༤ ་་་ ༡༥ ལོའི་ལས་བསྡོམས་སྙིང་བསྡུས། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་སྙན་སྒྲོན་གནང་བ་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་གིས་སྙན་སྒྲོན་གནང་། སྙན་སྒྲོན་ཟིན་པའི་ལས་བསྡོམས་དང་སྙན་ཐོ་གཉིས་ཀྱི་ཐད་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་ནས་བཏོན་གནང་བ་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་དེ་ལ་རྒྱབ་སྐྱོར་གནང་སྟེ་ སྤྱི་ཡོངས་བགྲོ་གླེང་སྐབས་སྤྱི་འཐུས་ ༧ གྱིས་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།

ཡིག་ཆ་ཨང་ ༢༤ པ། DSC04439ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༤ ་་་ ༡༥ ལོའི་ལས་བསྡོམས་སྙིང་བསྡུས། དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག་གིས་སྙན་སྒྲོན་གནང་བ་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག་གིས་སྙན་སྒྲོན་གནང་། སྙན་སྒྲོན་ཟིན་པའི་ལས་བསྡོམས་དང་སྙན་ཐོ་གཉིས་ཀྱི་ཐད་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་ནས་བཏོན་གནང་བ་དང་། སྤྱི་འཐུས་རྒྱ་རིགས་ཐར་མཆོག་གིས་དེ་ལ་རྒྱབ་སྐྱོར་གནང་སྟེ་སྤྱི་ཡོངས་བགྲོ་གླེང་སྐབས་སྤྱི་འཐུས་ ༧ དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།

DSC04442ཡིག་ཆ་ཨང་ ༣༠ པ། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ པའི་ཐོག བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་གཞུང་འབྲེལ་ལས་དོན་ཕྱོགས་བསྐྱོད་ཀྱི་གཞུང་འབྲེལ་སྒྲིག་གཞི་གྲོས་འཆར་ཡིག་ཆ་ཨང་ ༣༥ པའི་ཐོག་བརྗོད་པ་གཉིས་པ་བགྲོ་གླེང་སྐབས་ཁྲིམས་འཆར་དེ་བཞིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༦༡ པའི་དགོངས་དོན་བཞིན་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ། ཚོགས་ཆུང་གི་ཚོགས་གཙོ་སྤྱི་ལྷན་ཚོགས་བཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྙན་སྒྲོན་གནང་། སྙན་ཐོ་དེའི་ཐད་བགྲོ་གླེང་དགོས་པའི་གྲོས་འཆར་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་ནས་གཏོན་གནང་བ་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་དེ་ལ་རྒྱབ་སྐྱོར་གནང་སྟེ་སྤྱི་ཡོངས་བགྲོ་གླེང་གི་ཆ་ཤེས་བཞེས་གནང་མཁན་བྱུང་མེད།DSC04444

སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་སྟོབས་རྒྱལ་མཆོག་གིས་སྤྱི་འཐུས་རྣམ་པས་དགོངས་ཤོག་ཕུལ་བ་ཁག་དང་། བདུན་རྗེས་མའི་ལས་རིམ་ཁག་སྙན་སྒྲོན་གནང་བ་དང་བཅས། ཉིན་ལྔ་པར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།།