སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གཉིས་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༦ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་གྲོས་ཚོགས་ཚོགས་དུས་གཉིས་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གཉིས་པ་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པས་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་སོང་།

དེ་རྗེས་དཔལ་ལྡན་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༥་་་༢༦ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་།

སྤྱི་འཐུས་རྒྱུན་ལས་ཀྱིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༥་་་༢༦ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་གིས་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་གིས་རྒྱབ་སྐྱོར་གནང་སྟེ། ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་འཛུགས་སོང་།

སྐབས་དེར་སྤྱི་འཐུས་རྣམ་པས། ནང་སྲིད་ལས་ཁུངས་ཀྱི་གཞིས་སྤོས་ལས་གཞི་དང་། ས་ཆ་མིང་བསྒྱུར་གྱི་ལས་གཞི་སོགས་ལས་གཞི་མང་དག་ཅིག་སྤེལ་བར་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་དབུས་པའི་ནང་སྲིད་ལས་ཁུངས་ཀྱི་དབུས་སའི་ལས་བྱེད་རྣམ་པར་བསྔགས་བརྗོད་དང་། དེ་བཞིན་མན་སྤར་དང་སྦན་ད་ར་གཞིས་ཆགས་ནང་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ལག་བསྟར་གནང་ཐུབ་མིན་དང་། ཀར་ན་ཀྲ་ཀ་མངའ་སྡེའི་གཞུང་ནས་ལྷོ་སྤྱི་གཙོས་པའི་ལྷོ་གཞིས་ཁག་ལྔ་ལ་དམིགས་བསལ་རོགས་དངུལ་ཧིན་སྒོར་ས་ཡ་ ༣༠ ལོ་ལྟར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ། གཞིས་སྤོས་ལས་གཞིའི་ད་ལྟའི་གནས་སྟངས་དང་ཐོ་གཞུང་མུ་མཐུད་ལེན་གྱི་ཡོད་མེད། རྡ་ས་བྱམས་པ་གླིང་རྒས་གསོ་ཁང་གི་གནས་སྟངས་ཐོག་ཞིབ་འཇུག་དགོས་པ། ཆར་ཆུ་གསོག་འཇོག་དང་བུ་བཅོལ་ཁང་ཚགས་ཚུད་གཏོང་རྒྱུ་སོགས་གཞིས་ཆགས་སྲ་བརྟན་གྱི་གལ་གནད། ར་སུ་ཝ་དགེ་རྒྱས་གླིང་གཞིས་ཆགས་སུ་ཆུ་རོད་ཀྱི་གོད་ཆག་བྱུང་བའི་ཐོག་ནང་སྲིད་ལས་ཁུངས་ཀྱིས་མྱུར་སྐྱོབ་དང་ངལ་སེལ་གྱི་ཕྱག་ལས་ཇི་ལྟར་གནང་མིན་སྐོར། གཞིས་ཆགས་ཁག་གི་ནང་ས་ཞིང་བདག་པོ་རྒྱག་ཕྱོགས། མོན་གྷོ་རྒན་གསོ་ཁང་ཉམས་གསོ་ལེགས་བཅོས་ཀྱི་གནས་སྟངས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་ས་ཆ་རྣམས་བོད་མིའི་སྒྲིག་འཛུགས་དབུས་བོད་མིའི་ངལ་སེལ་ཚོགས་པའི་ (CTRC) མིང་ཐོག་ལ་མིང་བསྒྱུར་ཐུབ་པར་བསྔགས་བརྗོད། རྒན་གསོ་ཁང་གི་ནང་སེམས་ཁམས་མི་བདེ་བའི་རྒན་རྒོན་རྣམས་ལ་བལྟ་རྟོགས་གནང་ཕྱོགས། གཞིས་ཆགས་ཁག་གི་ནང་ཡོད་པའི་ཟ་ཁང་དང་ཚོང་ཁང་གི་སྒོ་བྱང་ཐོག་བོད་ཡིག་བེད་སྤྱོད་གཏོང་དགོས་གལ་སོགས་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་། དོགས་འདྲི་གནང་བ་ཁག་ལ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་། ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་ས་ཆ་རྣམས་བོད་མིའི་སྒྲིག་འཛུགས་དབུས་བོད་མིའི་ངལ་སེལ་ཚོགས་པའི་ (CTRC) མིང་ཐོག་ལ་མིང་བསྒྱུར་གནང་བའི་བརྒྱུད་རིམ་སྐོར་ཞིབ་ཕྲ་ངོ་སྤྲོད་དང་འབྲེལ། ལས་དོན་ཐོག་ཕྱག་རོགས་གནང་མཁན་འབྲེལ་ཡོད་རྒྱ་གར་གཞུང་གི་དཔོན་རིགས་དང་། སློབ་སྟོན་པ། འབྲེལ་ཡོད་ཡོངས་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། གཞིས་སྤོས་ལས་གཞིའི་ཐོག་ཐོ་འགོད་དང་། ས་ཆ་མཁོ་སྒྲུབ་དང་བགོ་འགྲེམས། ལོ་རེར་སྡོད་ཁང་གསར་རྒྱག་ཆེད་འགྲོ་སོང་ཇི་བཏང་སོགས་ཀྱི་ཐོག་ཞིབ་ཕྲ་གསུངས་སོང་། སང་ཉིན་མུ་མཐུད་ནང་སྲིད་ལས་ཁུངས་ཀྱི་སྤྱི་ཡོངས་ལས་བསྡོམས་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་བཅས།