སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་དྲུག་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༥ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༡ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་དྲུག་པ་ཚོགས་གནང་སོང་།


དེ་ཡང་སྔ་དྲོ་ཐོག་མར་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༡ པའི་སྙན་ཐོ་སྙན་སྒྲོན་ཟིན་པར་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་བ་དང་། དེ་རྗེས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྒྱུར་ཐབས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་གིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྒྱུར་ཐབས་ཚོགས་ཆུང་གི་སྙན་ཐོའི་ཐོག་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བགྲོ་གླེང་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་གྲུབ་ཆ་དང་། འཛིན་སྐྱོང་སྒྲོམ་གཞི་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་ཁག་ལ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།


དེ་རྗེས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་ཀྱི་ལས་རིམ་ཐོག་བདེ་སྲུང་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་བཅས་གྲོས་ཚོགས་ནས་གཏན་འབེབས་གནང་རྗེས། ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གནང་འགོ་འཛུགས་སོང་།


བདེ་སྲུང་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས། ༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་དང་། སྐྱབས་བཅོལ་ལག་དེབ་གསར་བཟོ་དང་འཕར་འགྱངས་སྐོར། ཕྱིར་བསྐྱོད་ལག་དེབ་གསར་བཟོའི་སྐོར། ཨོ་སི་ཀྲོ་ལི་ཡར་བོད་མི་གཞིས་སྤོས་ལས་གཞིའི་སྐོར་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །