སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།


༄༅། །འགྲོ་བ་ལྷ་དང་བཅས་པའི་སྐྱབས་གནས་འཇིག་རྟེན་ཞི་བདེའི་དེད་དཔོན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བོད་མི་ཡོངས་ཀྱི་བླ་ན་མེད་པའི་མགོན་སྐྱབས་དང་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་དཔལ་ལྡན་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་གཞོན་པས་དབུས་པའི་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པར་ཐོག་མར་མཛའ་བརྩེ་ཆེན་པོའི་ངང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་ང་རང་ཚོས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ལྔ་པ་བསྐྱང་རྒྱུའི་དུས་ཚོད་ཆགས་བསྡད་ཡོད་པ་རེད། དེ་དང་དེ་རིང་ཤིན་ཏུ་དུས་ཚོད་བཟང་པོ་ཞིག་དང་། ༸སྐྱབས་མགོན་རིན་པོ་ཆེའི་༸སྐུའི་ལྷག་དཀར་ཆགས་བསྡད་ཡོད་པ་རེད། དེ་རིང་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་ལ་བོད་གཞུང་མང་ལྷ་མི་ཡོངས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་བསྐལ་བཟང་གི་གོ་སྐབས་བྱུང་བ་དང་། ང་རང་ཚོ་ཚང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་དངོས་སུ་མཇལ་རྒྱུ་བྱུང་བ་དེ་བསྐལ་བ་བཟང་པོ་བྱུང་བ་དང་། དེ་ནས་༸སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ཕེབས་པ་གཞིར་བཟུང་བོད་མི་རིགས་དང་། བོད་ཀྱི་ཆོས་དང་རིག་གཞུང་། དེ་ག་ནང་བཞིན་རྒྱ་ཧོར་བོད་གསུམ་གྱི་ནང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རེད། དེ་ག་ནང་བཞིན་བོད་ཀྱི་ཆབ་སྲིད་ཀྱི་དཀའ་ངལ་སེལ་རྒྱུའི་སླད་༸སྐྱབས་མགོན་རིན་པོ་ཆེས་༸སྐུ་ཚེ་ཡུན་རིང་པོ་འཚོ་བཞུགས་གནང་རྒྱུའི་ཞལ་བཞེས་གནང་བ། དེ་འདྲའི་བསྐལ་བཟང་གི་གོ་སྐབས་མངོན་དུ་ཤར་བའི་དུས་ཚོད་ལ་བོད་མི་ཙམ་དུ་མ་ཟད་བོད་དང་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་ལ་ཆབ་སྲིད་ཀྱི་ཐོག་ནས་ཡིན་ནའང་འདྲ་འདུག དེ་ག་ནང་བཞིན་ཆོས་དང་རིག་གཞུང་གི་ཐོག་ནས་ཡིན་ནའང་འདྲ་འདུག ཏན་ཏན་ཕན་པ་རྒྱ་ཆེན་པོ་སྒྲུབ་ཐུབ་རྒྱུ་ཞིག་དང་། ༸སྐྱབས་མགོན་རིན་པོ་ཆེས་ཐུགས་རེ་གང་གནང་བ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་རེད། དེ་ག་ནང་བཞིན་བོད་མི་རིགས་རེད། ང་ཚོ་དང་འབྲེལ་བ་ཡོད་པའི་ཆོས་དང་རིག་གཞུང་གཅིག་པའི་མི་རིགས་ཚང་མས་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་བཞེད་དང་དགོངས་པ་ལ་ཇི་ཡོད་པ་དེ་ང་ཚོས་འསྒྲུབ་ཐུབ་པ་དང་། རྒྱུན་སྐྱོང་བྱེད་ཐུབ་པར་དགོངས་པ་བཞེས་དགོས་རྒྱུ་གལ་འགངས་ཆེན་པོ་ཆགས་བསྡད་ཡོད་པ་རེད། ༸སྐྱབས་མགོན་རིན་པོ་ཆེ་ད་ཆ་མིའི་རྣམ་པའི་ཚུལ་དུ་ཕེབས་ཡོད་དུས་ཕྱི་ལུགས་ནས་རྩིས་པ་ཡིན་ན་དགུང་ལོ་ ༨༨ དང་། བོད་ལུགས་ནས་རྩིས་པ་ཡིན་ན་དགུང་ལོ་ ༨༩ ཆགས་བསྡད་ཡོད་པ་རེད། སྐྱེ་བོ་ཐ་མལ་པ་ཡིན་ན་རང་བཞིན་གྱིས་གང་ལ་གང་འཚམ་མིའི་བྱ་བ་བྱེད་མ་ཐུབ་པའི་ནུས་པ་འདྲ་ཞིག་སླེབ་ཡོང་གི་ཡོད་པ་རེད། ཡིན་ནའང་། བོད་ཀྱི་རིག་གཞུང་གི་ཐོག་ནས་༸སྐྱབས་མགོན་རིན་པོ་ཆེ་མཆོག་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ། སྐུ་ཤ་རློན་པ་ནས་འགྲུབ་པ་ཡིན་དུས་ད་ལྟ་ཡིན་ནའང་ཐུགས་བཞེད་རྒྱ་ཆེན་པོ་དང་། ད་ལྟ་ཡིན་ནའང་མཛད་འཕྲིན་རྒྱ་ཆེ་རུ་འགྲོ་བཞིན་པ། དེ་ག་ནང་བཞིན་༸སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་ལ་ཐུགས་སྣང་གནང་མཁན་བོད་པ་ཙམ་མ་རེད། རྒྱལ་སྤྱི་ཁྱོན་ཡོངས་ནས་འཛམ་གླིང་གི་མི་འབོར་བཤད་སྟངས་བྱས་ན། ཐེར་འབུམ་བདུན་ནས་བརྒྱད་གསུང་གི་ཡོད་པ་རེད། ཚང་མས་དོ་སྣང་གནང་སའི་གཞི་ཞིག་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་ཀྱི་དགོངས་བཞེད་གང་ཡོད་པ་དེ་འགྲུབ་ཐུབ་པ་དང་། ༸སྐུ་ཡུན་རིང་འཚོ་བཞུགས་གནང་ཐུབ་པར་བོད་མི་ཆོལ་ཁ་གསུམ་དམ་ཚིག་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་རྒྱུ། དེ་ག་ནང་བཞིན་༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ལ་གང་ཡོད་པ་དེ་སྒྲུབ་ཐུབ་རྒྱུའི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡོང་ཐུབ་དགོས་པ་དེ། ང་ཚོས་བརྟན་བཞུགས་ཕུལ་བའི་དམིགས་རྟེན་གལ་ཆེ་བ་ཞིག་འདི་རེད་བསམ་གྱི་འདུག དེ་ཡིན་དུས་བོད་མིའི་སྒྲིག་འཛུགས་ཀྱིས་འགན་འཁུར་ནས་མིག་དཔེ་འདྲ་པོ་ཞིག་བསྟན་པ་མ་གཏོགས། ཚང་མས་དེར་ཕྱ་གྲུ་མཉམ་འདེགས་བྱ་རྒྱུ་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་དུས། དེ་རིང་འདིར་འཛོམས་པ་ཆ་ཚང་གནད་ཡོད་རྐྱང་རྐྱང་ཡིན་དུས་འདིའི་ཐོག་ལ་མུ་མཐུད་ནས་འགན་འཁུར་བཞེས་དགོས་རྒྱུ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་ང་རང་ཚོ་བཙན་བྱོལ་གྱི་གནས་སྟངས་ཆགས་བསྡད་ཡོད་པ་རེད། ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། མིའི་ལུང་པར་སྡོད་བཞིན་པའི་མི་རིགས་ཤིག་ཆགས་བསྡད་ཡོད་པ་རེད། ང་རང་ཚོའི་ཕ་ཡུལ་དེ་ལ་ཕར་རྒྱབ་ལ་ལྷག་བསྡད་ཡོད་པ་རེད། ང་རང་ཚོའི་མི་རིགས་མང་བ་དེ་བོད་ནང་དུ་ལྷག་ཡོད་པ་རེད། བོད་ནང་གི་བོད་མི་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་སྒྲིག་འཛུགས། བཙན་བྱོལ་བོད་མི་ཚོར་རེ་བ་དང་ཡིད་ཆེས་ཆེན་པོ་ཞིག་གནང་གི་ཡོད་པ་རེད། ང་རང་ཚོའི་བཙན་བྱོལ་སྒྲིག་འཛུགས་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་རེད། དེ་ག་ནང་བཞིན་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་རྣམས་པས་བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་དང་། ལྷག་བསམ། ཆོད་སེམས་དེ་ཚོ་ང་ཚོས་དུས་རྒྱུན་དུ་ནས་གསུང་བསྡད་པ། རི་ལྟར་གཡོ་བ་མེད་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་པ་རེད། དེ་ལྟར་ངོས་འཛིན་ཞུས་པའི་ཐོག་ནས་བོད་གཞིས་བྱེས། མཛའ་བརྩེ་ཟེར་ནའང་མི་འདུག གང་ལྟར་རེ་འདུན་གྲུབ་ཐུབ་པར་ང་རང་ཚོ་ཚང་མས་དགོངས་པ་བཞེས་དགོས་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་སྲིད་བྱུས་འཛིན་པའི་ཐོག་ནས་བོད་ནང་དུ་ད་ལྟ་ཡིན་ནའང་ཛ་དྲག་གི་གནས་སྟངས་མུ་མཐུད་གནས་བཞིན་པའི་གནས་སྟངས་ཆགས་ཡོད་པ་རེད། དེ་ག་ནང་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས། ཐ་ན་ཁོར་ཡུག་ཐོག་ལའང་། མདོར་ན། བོད་ཀྱི་སྣོད་དང་བཅུད་གཉིས་ཀ་ཛ་དྲག་དང་ཉེན་ཚབས་ཆེ་རུ་འགྲོ་རྒྱུའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ལ་ཡར་རྒྱས་གཏོང་གི་ཡོད་ཟེར་ནས་འཛུགས་སྐྲུན་གྱི་ལས་འཆར་མང་པོ་འདིང་གི་ཡོད་པ་རེད། དེ་ག་ནང་བཞིན་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་རིམ་པ་མང་པོ་སྤེལ་གྱི་ཡོད་པ་རེད། དེའི་ཐོག་ནས་མདོར་བསྡུས་པ་ཡིན་ན། བོད་མི་རིགས་དང་། བོད་ཀྱི་སྐད་ཡིག རིག་གཞུང་རྩ་མེད་གཏོང་རྒྱུའི་སྲིད་བྱུས་འཛིན་གྱི་ཡོད་པ་དེ་གསལ་པོ་རེད། ང་ཚོས་ཟུར་བལྟས་ལེབ་མཐོང་འདྲ་པོ་ཞིག་ཆགས་བསྡད་ཡོད་པ་རེད། ཡིན་ནའང་། ད་ལྟ་འཛམ་གླིང་ནང་དུ་ཆབ་སྲིད་ཀྱི་འགྱུར་བ་ཤུགས་ཆེན་པོ་ཞེ་དྲག་འགྲོ་བཞིན་པ་རེད། རྒྱ་ནག་ནང་ལའང་ཆབ་སྲིད་ཀྱི་འགྱུར་བ་འགྲོ་བཞིན་པ་རེད། ད་ལྟའི་ཆར་སྲིད་འཛིན་ཞི་ཅིན་ཕིན་གྱི་ལས་ཡུན་གསུམ་པའི་ལས་འཁུར་འགོ་འཛུགས་ཞུས་ཟིན་པ་རེད། དེ་འདྲའི་ཐོག་ནས་རྒྱ་ནག་གི་འགོ་ཁྲིད་ཚོར་སྙིང་སྟོབས་དང་། ལྷག་བསམ། ཆོད་སེམས་གསར་པ་ཞིག་སྐྱེ་བའི་ཐོག་ནས་བོད་ནང་གི་གནས་སྟངས་རེད། ༸སྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་རེད། དེ་ཚོར་བསྐྱར་ཞིབ་ཅིག་བྱས་ནས་བོད་རྒྱ་འབྲེལ་མོལ་ཡོང་ཐུབ་རྒྱུ་ཞིག་དང་། བོད་རྒྱའི་དཀའ་རྙོག་དེ་སེལ་ཐུབ་པ་ཡིན་ན་བོད་རྒྱ་མི་རིགས་གཉིས་ཀའི་ཁེ་ཕན་ཆགས་ཀྱི་ཡོད་པ་རེད། དེ་ཡིན་དུས་ད་ལྟའི་འགོ་ཁྲིད་དེ་ཚོར་དེ་འདྲའི་ཆོད་སེམས་ཤིག་དང་། བློ་སྟོབས་གསར་པ་ཞིག་སྐྱེས་པའི་ཐོག་ནས་གོ་སྐབས་དམ་འཛིན་བྱེད་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག ཁ་སང་ང་ཚོའི་གསུམ་བཅུ་དུས་དྲན་གྱི་གསུང་འཕྲིན་ནང་དུ་སྤྱི་འཐུས་ལྷན་ཚོགས་ཀྱིས་བཤད་ཡོད་པ་རེད། དེ་ག་ནང་བཞིན་བཀའ་ཤག་གི་གསུང་བཤད་ནང་དུའང་གསལ་པོ་བཤད་ཡོད་པ་རེད། དེ་ཚོའི་ཐོག་ལའང་ཐུགས་སྣང་གནང་རྒྱུ་གལ་ཆེན་པོ་རེད་ཅེས་གསལ་འདེབས་ཞུས་ན་བསམས་བྱུང་།

དེ་ག་ནང་བཞིན་ང་ཚོའི་རྒྱལ་སྤྱིའི་ནང་དུ་གནས་སྟངས་རེད། རྒྱལ་སྤྱིའི་ནང་དུ་ཟེར་དུས། རྒྱལ་སྤྱིའི་ནང་དུ་བོད་དང་འབྲེལ་བའི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་གྱི་གྲོས་ཚོགས་རེད། གཞུང་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རེད། མི་སྒེར་རེད། མང་པོ་ཞིག་ཆགས་བསྡད་ཡོད་པ་རེད། བཙན་བྱོལ་ནང་དུ་ང་ཚོ་ལོ་ ༦༤ ཆགས་འགྲོ་ཡི་ཡོད་པ་རེད། དེའི་རིང་ལ་མི་རབས་རྒན་པ་རྣམ་པ་ཚོས་ཐུགས་འཁུར་དང་འགན་འཁུར་སྐྱོང་བཞིན་པ་དང་། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཆ་ཤས་ལས་བྱུང་བའི་ཐོག་ནས་ང་རང་ཚོར་རྒྱབ་སྐྱོར་གནང་མཁན་གནད་ཡོད་ཟེར་ནའང་མི་འདུག མི་སེར་དཀྱུས་མ་མང་པོ་ཞིག་ང་རང་ཚོའི་གྲོགས་པོ་ཆགས་བསྡད་ཡོད་པ་རེད། དེ་ཚོའི་ཐོག་ལ་ཡིན་ནའང་མུ་མཐུད་ནས་འཛིན་སྐྱོང་བཀའ་ཤག་གིས་ཀྱང་སྐུ་ལས་བསྐྱོན་ཡོད་པ་རེད། དེ་ག་ནང་བཞིན་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་རེད། གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་དཀའ་ལས་རྒྱབ་ཡོད་པ་རེད། དེ་འདྲའི་ཐོག་ནས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་གྱི་སྒྲིག་འཛུགས་ཁག་རྣམ་པས་ཡིན་ནའང་ཏན་ཏན་ཤུགས་ཆེན་པོ་དཀའ་ལས་རྒྱབ་ཡོད་པ་རེད། ད་ལྟའི་ཆར་གྲུབ་འབྲས་ཟེར་ནའང་མི་འདུག རེ་བ་རྒྱབ་ཆོག་པ་ལ་ཨ་རིའི་གྲོས་ཚོགས་ནང་དུ་བོད་དོན་སྲིད་བྱུས་དང་འབྲེལ་བའི་ཁྲིམས་འཆར་ཞིག་ངོ་སྤྲོད་ཞུས་ཟིན་པ་རེད། དེ་རིམ་པས་གཏན་འབེབས་ཡོང་ཐུབ་པའི་རེ་བ་བྱེད་བཞིན་ཡོད།

དེ་ག་ནང་བཞིན་འདས་པའི་ལོའི་ནང་དུ་ང་རང་ཚོའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་ཚར་བའི་རྗེས་སུ་མེག་སི་ཀོ་ (Mexico) ནང་དུ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་པ་འཛུགས་ཐུབ་ཡོད་པ་རེད། དེ་ག་ནང་བཞིན་ཉེ་ཆར་ཡུ་རོབ་སི་པེན་ (Spain) གྱི་གྲོས་ཚོགས་གོང་མའི་ནང་དུའང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་པ་འཛུགས་ཐུབ་ཡོད་པ་རེད། ཁེ་ཎ་ཌའི་གྲོས་ཚོགས་ནང་དུའང་བོད་དོན་དང་འབྲེལ་བའི་གྲོས་ཆོད་འཇོག་ཐུབ་ཡོད་པ་རེད། དེ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་རིམ་པའི་ནང་དུ་བོད་དོན་ཐོག་གླེང་སློང་གནང་བ། དེ་ག་ནང་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་སྡེ་ཁག་མང་པོའི་སྙན་ཐོའི་ནང་དུ་བོད་དང་འབྲེལ་བའི་ཐོག་ནས་སྙན་ཐོ་ཐོན་ཡོད། དེ་འདྲའི་གནས་སྟངས་ཆགས་བསྡད་སོང་། དེ་འདྲ་ཡིན་དུས་དེ་ཚོ་ལེགས་པའི་ཆ་ཆགས་ཀྱི་ཡོད་པ་རེད། ང་རང་ཚོས་དཀའ་ལས་བརྒྱབས་པའི་གྲུབ་འབྲས་ཆགས་ཀྱི་ཡོད་པ་རེད། དེ་ཚོའི་གྲས་མུ་མཐུད་ཤུགས་ཆེ་རུ་འགྲོ་ཐུབ་པར་འགན་འཁུར་བཞེས་རྒྱུ་གལ་ཆེན་པོ་རེད་འདུག་དེ་ཅིག་ཞུས་ན་བསམས་བྱུང་།
དེ་རིང་དུས་ཚོད་ཀྱི་ཆ་ནས་རེད། རྩ་བའི་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་གསུམ་བཅུ་དུས་དྲན་གྱི་གསུང་བཤད་ནང་དུའང་ང་ཚོས་གང་ལ་གང་འཚམ་གསལ་པོ་བཀོད་ཡོད་པ་རེད། དེ་ཚོའི་ཐོག་ལ་ཐུགས་སྣང་གནང་དགོས་པ་ཞིག་དང་། ད་རེས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས་སྙན་སེང་ཞུ་རྒྱུར། གཞུང་འབྲེལ་རྗེས་དྲན་དང་། མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཅིག་ཡོད། བོད་མི་མང་སྤྱི་འཐུས་ཟུར་པ་བདུད་འདུལ་སྤྲུལ་སྐུ་རིན་པོ་ཆེ་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༤ ཉིན་མོན་གྷོ་ཧུབ་ལི་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་འདུག དེ་ཡིན་དུས་ཁོང་ལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཅིག་ཁུར་ཡོད། དེ་ག་ནང་བཞིན་ཕྱི་ལོ་ ༢༠༠༨ ནས་བཟུང་སྟེ་བོད་ནང་དུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ད་ལྟ་བར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་རིམ་པའི་ནང་དུ་བོད་ནང་གི་བོད་མི་དང་ཆབ་སྲིད་ཀྱི་གནས་སྟངས་དང་འབྲེལ་བའི་ཐོག་ནས་ང་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཅིག་འཁུར་གྱི་ཡོད་པ་རེད། འདི་ཡང་གཤམ་དུ་ཡོང་གི་ཡོད་པ་རེད། དེའང་ཟླ་དྲུག་རེ་མཚམས་བོད་ནང་དུ་ཆབ་སྲིད་བཙོན་པའི་གནས་སྟངས་རེད། དེ་ག་ནང་བཞིན་བོད་ནང་དུ་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་དམ་མེད། དེ་ཚོ་ང་ཚོས་ཁ་གསབ་བྱ་རྒྱུ་དང་། གྲོས་ཆོད་ཁག་དེ་ཚོ་བསྐྱར་དུ་དྲན་སྐུལ་ཞུ་རྒྱུ། དེ་ཡིན་དུས་ང་ཚོས་ཡིག་ཆ་འདི་གལ་ཆེན་པོ་ཞིག་ལ་རྩི་བཞིན་ཡོད། དེ་ག་ནང་བཞིན་རྣམ་པ་ཚོས་ཐུགས་སྣང་ཆེན་པོའི་ཐོག་ནས། ད་ལྟའི་ཆར་རྒྱལ་སྤྱིའི་ནང་དུ་ཆབ་སྲིད་ཀྱི་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་པ་རེད། ཉེ་ཆར་གསུམ་བཅུ་དུས་དྲན་གྱི་སྐུ་མགྲོན་ནང་དུ་མེག་སི་ཀོའི་ (Mexico) གྲོས་ཚོགས་འཐུས་མི་དང་། ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི། ལི་ཐི་ནི་ཡའི་ (Lithunia) གྲོས་ཚོགས་འཐུས་མི་ཆེད་ཕེབས་གནང་ཡོད་པ་རེད། ཁོང་ཚོས་གསུང་གསལ་ལ་རྒྱ་ནག་ཟེར་བ་དེ་བོད་ཙམ་མ་རེད། འཛམ་གླིང་ནང་དུ་ཉེན་ཁ་ཆེན་པོ་ཆགས་བསྡད་པའི་གནས་སྟངས་ཆགས་འདུག དེ་འདྲ་ངོས་འཛིན་པའི་ཐོག་ནས་གསལ་པོ་གསུང་གི་འདུག དེ་ཡིན་དུས་རྣམ་པ་ཚོ་ཚང་མ་མཁྱེན་པའི་བདག་པོ་རེད། དེ་འདྲའི་དགོངས་ཚུལ་རྒྱ་ཆེ་ས་ནས་སྤུངས་ཐུབ་པར་ང་ཚོས་རེ་བ་བྱེད་བཞིན་ཡོད། དེ་འདྲའི་ཐོག་ནས་ང་ཚོའི་མ་འོངས་པའི་ཁ་ཕྱོགས་ཟེར་ནའང་མི་འདུག ང་རང་ཚོའི་ཆབ་སྲིད་ཀྱི་རྣམ་འགྱུར་ཟེར་ནའང་མི་འདུག གང་ལྟར་ཆབ་སྲིད་ཀྱི་བརྡ་ལན་གསལ་པོ་སྤྲོད་ཐུབ་པར་འབད་བརྩོན་ཞུ་ཐུབ་རྒྱུ་གལ་ཆེན་པོ་རེད་འདུག དེ་ཡིན་དུས་ཚང་མས་འདིའི་ཐོག་ནས་དགོངས་པ་བཞེས་རོགས་གནང་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཅུ་གཅིག་པའི་སྙན་ཐོ་སླེབ་ཡོང་གི་ཡོད་པ་རེད། དེ་ཚོའི་ཐོག་ལ་བགྲོ་གླེང་ཡོང་གི་རེད། ཡང་མཇུག་སྐྱོང་བྱ་རྒྱུའི་གྲོས་ཆོད་ཅིག་ཀྱང་ཡོང་གི་ཡོད་པ་རེད། དེ་ག་ནང་བཞིན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་འགྱུར་ཐབས་ཚོགས་ཆུང་གི་སྙན་ཐོ་དེ་འབྱོར་ཡོད་པ་རེད། སྙན་ཐོ་དེའི་ཐོག་ལ་སྤྱི་འཐུས་རྣམ་པས་དགོངས་ཚུལ་སྤུངས་ནས་ང་ཚོས་མཇུག་སྐྱོང་གང་འདྲ་བྱེད་དགོས་ཀྱི་ཡོད་དམ་མེད། དེའང་གསལ་པོ་བཟོ་ཐུབ་དགོས་རྒྱུ་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། དེ་ཚོའི་ཐོག་ལའང་དགོངས་པ་བཞེས་གནང་རོགས་གནོངས་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཅིག་ཕེབས་ཀྱི་ཡོད་པ་རེད། བཅའ་ཁྲིམས་དང་། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག གཞན་ཡང་འཛིན་སྐྱོང་གི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་ཁག་ཅིག་ལ་བསྐྱར་བཅོས་ཕེབས་ཡོང་གི་ཡོད་པ་རེད། དེ་ཚོའི་ཐོག་ལའང་རྣམ་པ་ཚོས་ཐུགས་སྣང་ཆེན་པོ་གནང་རོགས་གནོངས་ཞུ་རྒྱུ་ཡིན།

གྲོས་ཚོགས་འདིའི་ཐོག་ནས་གལ་ཆེ་བ་ཞིག་ལ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་ (Nancy Pelosi) མཆོག་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་ཅིག་འཁུར་བཞིན་ཡོད། ལྕམ་སྐུ་འདྲ་པོ་ཞིག་ཡིན་ན། ལོ་རྒྱུས་ལ་བལྟས་ཡོང་དུས་ལོ་གཅིག་རེད་མི་འདུག ལོ་གཉིས་རེད་མི་འདུག ལོ་བཅུ་ཕྲག་མང་པོའི་ནང་ལ་བོད་དོན་ཐོག་ལ་རྒྱབ་སྐྱོར་གནང་རྒྱུ་རེད། དེའང་ལྷག་བསམ་དང་། སྙིང་སྟོབས་ཡ་མ་བྲལ་བའི་ཐོག་ནས་རྒྱབ་སྐྱོར་གནང་བསྡད་པའི་གནས་སྟངས་ཆགས་བསྡད་འདུག དེ་ཡིན་དུས་ཁོང་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཆགས་བསྡད་ཡོད་པ་རེད། མ་འོངས་པར་ཡིན་ནའང་ཁོང་ཚོའི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ནང་དུ་རྩོད་ལེན་བྱེད་ཀྱི་མིན་ཟེར་ནས། གྲོས་ཚོགས་འཐུས་མིའི་རྣམ་པ་རང་གི་ཐོག་ནས་འགན་འཁུར་ཞུ་རྒྱུ་ཡིན་ཞེས་གསལ་པོ་བྱས་ནས་གསལ་བསྒྲགས་གནང་ཡོད་པ་རེད། དེ་ཡིན་དུས་ང་ཚོས་འདིའི་གོ་སྐབས་ཟིན་ནས་ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་གྲོས་ཆོད་ཅིག་ཁུར་ཡོད། དེ་ཚོའི་ཐོག་ལའང་རྣམ་པ་ཚོས་དགོངས་ཚུལ་སྤུང་ཐུབ་པའི་རེ་བ་བྱེད་བཞིན་ཡོད།

དེ་ནས་གཅིག་དེ། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་བསྐོ་འཛུགས་བྱ་རྒྱུའི་གྲོས་ཆོད་ཅིག་འཁུར་བཞིན་ཡོད། འདིའི་ཐོག་ལའང་ང་ཚོས་དགོངས་ཚུལ་སྤུང་རྒྱུ་དང་། རྩ་བའི་ཚོགས་གཙོ་གཉིས་ཀྱི་བསམ་བློ་རེད། དེ་ག་ནང་བཞིན་སྤྱི་འཐུས་རྒྱུན་ལས་ཀྱིས་དགོངས་ཚུལ་སྤུངས་ནས་གྲོས་ཆོད་སླེབ་ཡོང་གི་ཡོད་པ་རེད། རྣམ་པ་ཚོས་ཀྱང་དགོངས་ཚུལ་སྤུངས་ནས་ང་རང་ཚོས་འདིའི་ཐོག་ནས་ལས་དོན་བྱེད་ཕྱོགས་ཁ་གསལ་ཆགས་ཐུབ་ན་མ་འོངས་པར་ཏན་ཏན་ཐུགས་ཕན་གསོ་བའི་རེ་བ་བྱེད་བཞིན་ཡོད།
དེ་ག་ནང་བཞིན་འཛིན་སྐྱོང་བཀའ་ཤག་གིས་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་དོན་ཚན་ ༡༨ པའི་ནང་གསེས་ ༥ པའི་དགོངས་དོན་དཔྱ་དངུལ་ཆག་ཡང་དང་། གསར་བཟོའི་གོ་སྐབས་གནང་རྒྱུའི་གྲོས་ཆོད་ཅིག་འཁུར་ཡོང་གི་འདུག དེ་ཚོའི་ཐོག་ལའང་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད། ང་ཚོས་བགྲོ་གླེང་བྱེད་ཐུབ་པ་ཡིན་ན་མང་ཚོགས་ནང་དུ་དོ་སྣང་ཆེ་རུ་ཆགས་ནས། འདིའི་ཐོག་ལ་གྲོས་ཆོད་འཁུར་རྒྱུའི་དགོས་དམིགས་ཆ་ཚང་སླེབ་ཐུབ་པར་གྲོས་ཚོགས་འདི་ནས་ཁ་གསལ་པོ་བཟོ་ཐུབ་ན་མི་མང་གིས་ཆ་ཤས་བླང་རྒྱུ་ལའང་ཏན་ཏན་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་ཡོད། འདི་གཅིག་རེད།

དེ་ནས་ད་རེས་ང་ཚོས་ལས་ཉིན་མང་བ་གཏང་ས་དེ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༣༌༌༌༢༤ ལོའི་སྔོན་རྩིས་གཏན་འབེབས་གནང་རྒྱུའི་ལས་རིམ་ཆགས་བསྡད་ཡོད་པ་རེད། འདིའི་ཐོག་ནས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་རེད། དེ་དང་འབྲེལ་བའི་ཐོག་ནས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་དེ་སླེབ་ཡོང་གི་ཡོད་པ་རེད། སྔོན་རྩིས་གཏན་འབེབས་གནང་རྒྱུ། སྤྱི་ཡོངས་ཀྱི་སྔོན་རྩིས་ཐོག་ལ་བགྲོ་གླེང་གནང་རྒྱུ། དེ་དང་མཉམ་དུ་འབྲེལ་ཡོད་ལྷན་ཁང་སོ་སོ་དང་འབྲེལ་བའི་ལས་དོན་ཐོག་ལའང་བསམ་ཚུལ་དང་། དོགས་འདྲི་གནང་རྒྱུ་དེ་འདྲ་ཡོང་ཆོག་གི་ཡོད་པ་རེད། དེ་ཚོའི་ཐོག་ལའང་རྣམ་པ་ཚོས་གལ་ཆེན་པོའི་ཐོག་ནས་ཆ་ཤས་དང་གོ་སྐབས་བཞེས་རོགས་གནང་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་ལས་རིམ་ནང་དུ་ཆ་ཤས་ལེན་པའི་སྐབས་སུ། བཀུར་འོས་སྤྱི་འཐུས་རྒན་པ་ཁག་ཅིག་ལ་ལོ་མང་གྲོས་ཚོགས་འཐུས་མིའི་ཉམས་མྱོང་ཡོད་པ་རེད། གསར་དུ་ཕེབས་མཁན་རྣམ་པ་ཡིན་ན་གྲོས་ཚོགས་ཚོགས་དུས་ལྔ་པ་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་གྲོས་ཚོགས་ནང་དུ་གང་ལ་གང་འཚམ་རྒྱུས་མངའ་ཆགས་བསྡད་ཡོད་པ་རེད། དུས་རྒྱུན་དུ་ཁྲིམས་སྒྲིག་གཞི་ཚང་མར་ཐུགས་སྣང་གནང་གི་ཡོད་པ་རེད།

དེ་ག་ནང་བཞིན་འཛིན་སྐྱོང་བཀའ་ཤག་ཡིན་ནའང་། དཔལ་ལྡན་སྲིད་སྐྱོང་མཆོག གྲོས་ཚོགས་ལ་རྒྱུས་མངའ་ཆེན་པོ་ཡོད་པ་རེད། བཀའ་བློན་རྣམ་པ་གཉིས་ཙམ་མ་གཏོགས་ཚང་མར་རྒྱུས་མངའ་ཆེན་པོ་ཡོད་པ་རེད། བཀའ་བློན་རྣམ་པ་གཉིས་ཀྱང་གྲོས་ཚོགས་ནང་དུ་སླེབས་ནས་གྲོས་ཚོགས་ནང་དུ་ཆ་ཤས་མང་པོ་བཞེས་ཚར་ཡོད་དུས་ཏན་ཏན་ཐུགས་རྒྱུད་ཆེན་པོ་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་ང་རང་ཚོས་བགྲོ་གླེང་ག་རེ་གནང་བ་ཡིན་ནའང་དགོངས་པ་ཆེ་ཙམ་བཞེས་དགོས་པ་དང་། དེ་ག་ནང་བཞིན་ཚིག་རྩུབ་དང་། ལུས་ངག་གི་རྣམ་འགྱུར་ཡིན་ནའང་ཁྲོ་བའི་རྣམ་པ་ཞེ་དྲག་མེད་པའི་ཐོག་ནས། གང་ལྟར་གྲོས་ཚོགས་ནང་དུ་རྒྱུ་མཚན་གྱི་ཐོག་ནས་དགོས་པ་རྒྱུ་མཚན་ག་རེ་བཤད་རྒྱུ་ཡོད་ནའང་གསུང་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ཡིན་ནའང་། གསུང་སྟངས་དང་དེ་ག་ནང་བཞིན་ལུས་ངག་གི་རྣམ་འགྱུར། ཀུན་སྤྱོད་འཁུར་སྟངས་དེ་ཚོ་གལ་ཆེན་པོ་ཆགས་བསྡད་ཡོད་དུས། ང་ཚོས་གྲོས་ཚོགས་གཞན་པར་བལྟས་པ་ཡིན་ན། གྲོས་ཚོགས་ཀྱི་སྐད་ཡིག་ཟེར་དུས་སྐད་ཡིག་ཚད་མཐོ་ཤོས་འདྲ་པོ་ཞིག་དང་མིག་དཔེ་བླང་ས་འདྲ་པོ་ཞིག་རྩི་བཞིན་འདུག་པཱ། དེ་ཡིན་དུས་གྲོས་ཚོགས་ཀྱི་རྣམ་པ་ཆགས་བསྡད་དུས་གྲོས་ཚོགས་ནང་དུ་ཚིག་རྒྱག་བེད་སྤྱོད་གཏོང་སྟངས་ཡིན་ནའང་འདྲ་འདུག ལུས་ངག་གི་རྣམ་འགྱུར་སྟོན་སྟངས་ཡིན་ནའང་འདྲ་འདུག ང་རང་ཚོའི་གྲོས་ཚོགས་འདི་འཛམ་བུ་གླིང་ལ་མེད་པའི་གྲོས་ཚོགས་ཤིག་ཆགས་བསྡད་ཡོད་པ་རེད། བཙན་བྱོལ་གྲོས་ཚོགས་ཡིན་པ། དེ་ག་ནང་བཞིན་ཆབ་སྲིད་ཚོགས་པ་མེད་པའི་གྲོས་ཚོགས་ཤིག མི་ཚང་མས་བསམ་ཚུལ་སྤུང་ཆོག་པའི་ཐོབ་ཐང་ཡོད་པ། དེ་འདྲའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། གྲོས་ཚོགས་གཞན་པར་བལྟས་པ་ཡིན་ན། ཆབ་སྲིད་ཚོགས་པའི་ཐོག་ནས་གྲོས་ཚོགས་ནང་དུ་བཤད་རེས་གནང་རྒྱུ། ཐ་ན་ཕར་ཚུར་ལག་པ་བརྐྱང་རྒྱུ་ཡོང་གི་འདུག་པཱ། དེ་ཡིན་དུས་ད་ལྟ་བར་དུ་ང་ཚོའི་གྲོས་ཚོགས་ནང་དུ་དེ་འདྲ་གང་ཡང་བྱུང་ཡོད་པ་མ་རེད། ཞི་འཇམ་པོ་ཡག་ཐག་ཆོད་བྱུང་ཡོད་པ་རེད། ད་དུང་ང་ཚོས་ཆེ་མཐོང་འདྲ་མ་སོང་ན། ལེགས་ཆ་འདྲ་མ་སོང་ན་ཡག་ཏུ་གཏོང་ཐུབ་པར་ཚང་མས་ཐུགས་འཁུར་བཞེས་རྒྱུ་དང་། དེ་ག་ནང་བཞིན་རྣམ་པ་ཚོས་ཐུགས་སྣང་གནང་གི་ཡོད་པ་རེད། ཡང་བསྐྱར་བཤད་པ་འདྲ་ཞིག་ཆགས་ཀྱི་འདུག་སྟེ། ཡིན་ནའང་། མ་ཞུས་ན་འགྲིག་གི་མི་འདུག གང་རེད་ཅེ་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་འགན་དབང་བསྐུར་ཡོད་པ་རེད། འགན་དབང་ཆེ་བ་གཉིས་དང་། དེའི་ཞོར་ལ་འགན་དབང་ཁག་ཅིག་བསྐུར་ཡོད་པ་རེད། འགན་དབང་ཆེ་ཤོས་དེ་བོད་ཀྱི་བདེན་མཐའ་གསལ་ཐབས་དང་། དེ་ག་ནང་བཞིན་བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་དོན་ཐོག་ལ། བདེ་དོན་ཟེར་དུས་ཤེས་ཡོན་དང་། འཕྲོད་བསྟེན། སྤྱི་ཚོགས། ཉམ་ཐག་སྤྱི་ཡོངས་ཀྱི་གནས་སྟངས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། དེ་ག་ནང་བཞིན་གནས་སྐབས་རིང་བོད་ནང་གི་བོད་མིའི་དཀའ་ངལ་སེལ་ཐུབ་པར་ང་རང་ཚོས་ག་རེ་གནང་རྒྱུ་འདུག དེ་ག་ནང་བཞིན་བོད་ཀྱི་ཁོར་ཡུག་གནས་སྟངས་ཐོག་ལ་ག་རེ་ཞུ་གཏུགས་བྱ་རྒྱུ་འདུག ཡར་རྒྱས་ག་རེ་གཏོང་རྒྱུ་འདུག དེ་ཚོའི་ཐོག་ལ་འཛིན་སྐྱོང་གིས་ཡིན་ནའང་འདྲ་འདུག གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་ཡིན་ནའང་འདྲ་འདུག དེའི་རྒྱ་ལས་མ་བརྒལ་བའི་ཐོག་ནས་ང་ཚོས་འགན་འཁུར་ཞུས་ནས་ལས་དོན་སྒྲུབ་ཐུབ་པར་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེ་འདྲའི་ཐོག་ནས་དགོངས་པ་བཞེས་པའི་ཐོག་ནས་ད་ལྟ་ང་ཚོ་བོད་སྤྱི་པའི་མི་ཞིག་ཆགས་བསྡད་དུས། བོད་སྤྱི་པའི་རྩ་དོན་དང་། བོད་མི་རིགས་ཀྱི་རིག་གཞུང་། སྐད་ཡིག་གོམས་གཤིས་ལའང་ཐུགས་ཕན་གསོ་རྒྱུར་ང་ཚོས་ཆ་ཤས་བཞེས་དགོས་པ་དང་། དེ་འདྲའི་བསམ་བློ་འཁུར་རྒྱུ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་འདུག ང་ཚོས་ནམ་རྒྱུན་ཆོས་ཕྱོགས་ནས་ཞུས་པ་ཡིན་ན་ “ཀུན་སློང་བཅོས་” ཟེར་རྒྱུ་ཞིག་ཡོད་རེད། སོ་སོར་བསམ་པ་ངན་པ་ཤར་གྱི་ཡོད་ན། ཀུན་སློང་བཟང་པོ་ཡོང་བར་ཀུན་སློང་བཅོས་ཟེར་ནས། དེ་ཡིན་དུས་དེ་རིང་ང་ཚོས་ཚོགས་དུས་འདི་འགོ་འཛུགས་ཀྱི་ཡོད་པ་རེད། དེ་ན་ཀུན་སློང་བཟང་པོ་ཞིག་ནས། གོང་དུ་ཞུས་པ་ནང་བཞིན་གོམ་པ་རྒྱག་ཐུབ་ཀྱི་འདུག་གམ་མི་འདུག སོ་སོས་བསམ་ཞིབ་གནང་ནས་གྲོས་ཚོགས་ཀྱི་ལས་རིམ་ནང་དུའང་ཆ་ཤས་བཞེས་གནང་རོགས་གནོངས། འདི་འབོད་སྐུལ་གྱི་ཚུལ་དུ་ཞུས་པ་ཡིན།
ད་རེས་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་ལ་གྲོས་ཚོགས་འཐུས་མི་གཅིག་གིས་ཉིན་གྲངས་བཞི་ཙམ་ཞིག་དགོངས་པ་ཞུས་སོང་། དེ་མ་ཡིན་པའི་གྲོས་ཚོགས་འཐུས་མི་ཚང་མ་བཅར་ཐུབ་ཡོད་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་རྣམས་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་གསལ་བ། དེ་ནས་ང་ཚོའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བཅུ་པོ་དེ་དག་དོན་སྨིན་ལྡན་པ་ཡོང་བར་ཚང་མས་ཐུགས་སྨོན་དང་འགན་འཁུར་བཞེས་རོགས་གནང་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།