སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བརྒྱད་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༡ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གསུམ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བརྒྱད་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ཐོག་མར་ཁྲིམས་བཟོའི་ལས་དོན་གྱི་བརྗོད་པ་དང་པོའི་ལས་རིམ་ཐོག ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི། དོན་ཚན་བཅུ་དྲུག་པའི་གསར་འཇུག་ནང་གསེས་ ༨ དང་། དོན་ཚན་བཅུ་བདུན་པའི་ནང་གསེས་ ༣། དོན་ཚན་བཅུ་དགུ་པའི་ནང་གསེས་ ༣ དང་། ༤། གསར་འཇུག་ནང་གསེས་ ༥ དང་། ༦ བཅས་ལ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་བཏོན་པ་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་བརྗོད་པ་དང་པོའི་ཐོག་ནས་གཏན་འབེབས་གནང་སོང་།

དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དཔལ་ལྡན་བཀའ་ཤག་གི་གཞུང་འབྲེལ་གསལ་བཤད་གནང་བ་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་དཔལ་ལྡན་བཀའ་ཤག་གི་གཞུང་འབྲེལ་གསལ་བཤད་ཐོག་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར། བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་ཕྱོགས་སྐོར་སོགས་ཀྱི་ཐོག་བགྲོ་གླེང་དང་དགོངས་ཚུལ་ལྷུགས་པོ་གསུངས་གནང་སོང་།

དེ་རྗེས་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་དཔལ་འབྱོར་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས་གཏན་འབེབས་དང་།  རིམ་པས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་དཔལ་འབྱོར་བོད་མིའི་བདེ་དོན་ལྷན་ཚོགས་ཀྱི་ཟུར་བཀོལ། དཔལ་འབྱོར་ཡིད་ཆེས་དགེ་རྩའི་ཟུར་བཀོལ། དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ཟུར་བཀོལ། དཔལ་ལས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཟུར་བཀོལ། ལས་བྱེད་གསོལ་ཚང་གི་དམིགས་བསལ་དང་ཟུར་བཀོལ་སྔོན་རྩིས། ཆོས་རིག་ལས་ཁུངས་ཀྱི་དམིགས་བསལ་སྔོན་རྩིས་སྙན་སྒྲོན་གནང་རྗེས་གྲོས་ཚོགས་ནས་གཏན་འབེབས་གནང་སོང་།

དཔལ་འབྱོར་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས་དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་གནང་ཕྱོགས་དང་། དཔྱ་དངུལ་འབུལ་བབ་སྤར་དགོས་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དམིགས་སྒོའི་ཟབ་སྦྱོང་སྐོར། ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ལས་གཞིའི་སྐོར། ཁྱད་ལས་དང་བླངས་ཞབས་ཞུའི་སྐོར་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་གསུངས་གནང་བར། དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་དང་། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་ལས་དོན་དང་། རྩིས་དང་འབྲེལ་བའི་དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།