སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་དྲུག་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༡ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གསུམ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་དྲུག་པ་ཚོགས་གནང་ཡོད།

དེ་ཡང་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་དང་། ལས་དོན་དང་འབྲེལ་བའི་ཐོག་བགྲོ་གླེང་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས་དཔེ་སྟོན་སློབ་གྲྭའི་སྐོར་དང་། སློབ་གྲྭ་མཁོ་བསྡུ་དང་ཟླ་བསྒྲིལ་གྱི་གནས་སྟངས་སྐོར། དགེ་རྒན་རྣམ་པའི་གླ་ཕོགས་སྤར་དགོས་གལ། བྱིས་པའི་དཔེ་ཚོགས་རྩོམ་སྒྲིག་དང་པར་བསྐྲུན་མང་རུ་གཏོང་དགོས་པ། ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་འཛིན་གྲྭའམ་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་ཤེས་རིག་ལས་ཁུངས་ནས་ཕྱག་ཁྱེར་དང་། མཐུན་རྐྱེན་སོགས་འབུལ་ཐུབ་མིན་སྐོར། འགོ་ཁྲིད་ནུས་པ་སྐྱེད་བསྲིང་གི་ཟབ་སྦྱོང་སྤྲོད་དགོས་སྐོར་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་གསུངས་པར། དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་ལན་འདེབས་གསལ་བཤད་གནང་སོང་།

དེ་ནས་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ནས་དགོངས་ཤོག་ཁག་དང་། བདུན་རྗེས་མའི་ལས་རིམ་སྙན་སྒྲོན་ཞུས་གནང་ཡོད་པ་བཅས། །