སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་ལྔ་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༡ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གསུམ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་ལྔ་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ཐོག་མར་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་རྩིས་ལོ་ ༢༠༠༠་་་༠༡ ནས་ ༢༠༢༠་་་༢༡ བར་གྱི་མ་དངུལ་གནས་བབ་ཐོག་བགྲོ་གླེང་གནང་ཞིང་། བགྲོ་གླེང་ཐོག་སྤྱི་འཐུས་རྣམ་པས་ཤེས་རིག་ལས་ཁུངས་ཀྱི་མ་དངུལ་གནས་བབ་སྐོར་དང་། ནང་སྲིད་ལས་ཁུངས་ཀྱི་གཏན་འཇགས་མ་དངུལ་གནས་བབ། དང་བླངས་དཔྱ་དངུལ་གྱི་འབུལ་བབ་སྤར་དགོས་པ་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་གསུངས་པར་དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

ཉིན་རྒྱབ་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་སྔོན་རྩིས་གཏན་འབེབས་དང་།  དེ་རྗེས་ཕྱི་དྲིལ་ལས་ཁུངས་ཀྱི་དམིགས་བསལ་སྔོན་རྩིས་ཐོག་དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་རྩིས་ལོ་ ༢༠༢༢་་་༢༣ ལོའི་ཕྱི་དྲིལ་ལས་ཁུངས་ཀྱི་དམིགས་བསལ་བཀའ་འཁྲོལ་སྤར་ཆའི་གྲོས་འཆར་བཏོན་གནང་བར། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། ཕྱི་དྲིལ་ལས་ཁུངས་ཀྱི་དམིགས་བསལ་སྔོན་རྩིས་གཏན་འབེབས་གནང་སོང་། ཕྱི་དྲིལ་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས་ཕྱི་དྲིལ་བརྙན་འཕྲིན་ཚན་པས་སྐད་ཡིག་ཁག་ ༡༢ ནང་གསར་འགྱུར་སྤེལ་བཞིན་ཡོད་པར་བསྔགས་བརྗོད་དང་འབྲེལ་ལས་གཞི་དེ་བཞིན་རྒྱ་ཆེ་རུ་གཏོང་དགོས་གལ། སྐུ་ཚབ་དོན་གཅོད་རྣམ་པར་བོད་དོན་ཞུ་སྐུལ་གནང་ཕྱོགས་ཀྱི་ཟབ་སྦྱོང་གནང་དགོས་གནས། གཞུང་འབྲེལ་ཡིག་ཆ་ཉར་ཚགས་སྐོར། ན་གཞོན་རྣམ་པར་འགོ་ཁྲིད་ནུས་པ་སྐྱེད་བསྲིང་གི་ཟབ་སྦྱོང་སྤྲོད་དགོས་པ། དུས་དང་མཚམས་པའི་བོད་དོན་ཁྱབ་བསྒྲགས་གནང་དགོས་པ། ཕྱི་རྒྱལ་གྱི་གསར་ཁང་ཁག་དང་འབྲེལ་བ་གནང་སྟེ་བོད་དོན་གསར་འགྱུར་མཁོ་སྤྲོད་བྱེད་དགོས་གལ། ཕྱི་དྲིལ་རྒྱ་ཡིག་ཚན་པའི་སྐོར། གཞོན་སྐྱེས་ཚོགས་འདུ་འཚོགས་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་གསུངས་པར་དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

དེ་ནས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་གིས་ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་སྔོན་རྩིས་སྙན་སྒྲོན་གནང་རྗེས་གྲོས་ཚོགས་ནས་གཏན་འབེབས་དང་། དེ་ནས་ཟུར་བཀོལ་སྔོན་རྩིས་སྙན་སྒྲོན་གནང་རྗེས། ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་དང་། ལས་དོན་དང་འབྲེལ་བའི་ཐོག་བགྲོ་གླེང་གནང་འགོ་འཛུགས་པ་དང་། སྐབས་དེར་སྤྱི་འཐུས་རྣམ་པས་སམ་བྷོ་ཊ་བོད་སློབ་འཛིན་ཚོགས་ཀྱི་དགེ་རྒན་བསྐོ་གཞག་གནང་ཕྱོགས་དང་། དགེ་རྒན་རྣམས་ཆོད་གན་ནས་གཏན་འཇགས་ལས་བྱེད་བཟོ་དགོས་གལ། དགེ་རྒན་རྣམ་པའི་གླ་ཕོགས་སྤར་དགོས་སྐོར། སློབ་གྲྭའི་ནང་མང་གཙོའི་གོ་རྟོགས་སྤེལ་དགོས་པ། སློབ་གྲྭའི་ནང་ལྟ་གྲུབ་དགེ་རྒན་བསྐོ་གཞག་གནང་ཕྱོགས་སྐོར་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་གསུངས་པར་དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །