སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་བཅུ་གཉིས་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༦ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༨ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་བཅུ་གཉིས་པ་ཚོགས་གནང་སོང་།

དེ་ཉིན་མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། གཏན་འབེབས་གནང་འགོ་བཙུགས་ཤིང་། ནང་སྲིད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་གནས་ཁག་བདུན་གྱི་ཟུར་བཀོལ་སྔོན་རྩིས་བཅས་སྤྱི་མོས་ཀྱིས་གཏན་འབེབས་དང་། ནང་སྲིད་ལས་ཁུངས་ཀྱི་ཟུར་བཀོལ་སྔོན་རྩིས་ཀྱི་རྩིས་འགོ་སྤྱི་སྨན་འཛུགས་བསྐྲུན་ལས་གཞིའི་འོག བལ་ཡུལ་བཀྲ་ཤིས་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་ཤག་ཉམས་གསོའི་ཐོག་ཧིན་སྒོར་ ༡༣༢,༣༤༤ གཅོག་ཆ་དང་། མེའོ་ས་འགོ་ལས་ཁུངས་ཀྱི་ལས་དྲུང་དང་རྩིས་པའི་ལས་ཤག་ཉམས་གསོའི་ཐོག་ཧིན་སྒོར་ ༢༨༤,༥༩༡ སྤར་ཆའི་གྲོས་འཆར་བཅས་བཏོན་པ་ལྟར་གཅོག་ཆ་དང་། སྤར་ཆ་སོ་སོར་གནང་སྟེ་ནང་སྲིད་ལས་ཁུངས་ཀྱི་ཟུར་བཀོལ་སྔོན་རྩིས་སྤྱི་མོས་ཀྱིས་གཏན་འབེབས། བཀའ་དྲུང་ཡིག་ཚང་གི་དམིགས་བསལ་སྔོན་རྩིས་ཀྱི་རྩིས་འགོ་བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས་གསར་བསྐྲུན་དང་འབྲེལ་བའི་འགྲོ་གྲོན་ཐོག་ཧིན་སྒོར་ ༡༠༠,༠༠༠ སྤར་ཆའི་གྲོས་འཆར་བཏོན་པ་ལྟར་སྤར་ཆ་གནང་རྗེས་བཀའ་དྲུང་ཡིག་ཚང་གི་དམིགས་བསལ་སྔོན་རྩིས་སྤྱི་མོས་ཀྱིས་གཏན་འབེབས། བདེ་སྲུང་ལས་ཁུངས་ཀྱི་རྩིས་འགོ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་གསར་བསྐྲུན་དང་འབྲེལ་བའི་ཐོག་ཧིན་སྒོར་ ༥,༠༠༠ སྤར་ཆའི་གྲོས་འཆར་བཏོན་པ་ལྟར་སྤར་ཆ་གནང་རྗེས། བདེ་སྲུང་ལས་ཁུངས་ཀྱི་དམིགས་བསལ་སྔོན་རྩིས་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

ནང་སྲིད་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས། ནང་སྲིད་ལས་ཁུངས་དབུས་ས་གཉིས་ཀྱི་འགོ་ལས་ཡོངས་ཀྱིས་ལས་དོན་ཡག་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། སྡོད་ཁང་གསར་རྒྱག་གི་ལས་གཞིར་བསྔགས་བརྗོད། གཞིས་ལས་ཁང་དང་བོད་མི་སྤྱི་མཐུན་མཉམ་འབྲེལ་གྱི་འབྲེལ་ལམ་གོང་དུ་གཏོང་དགོས་གནད། ད་ལྟའི་གཞིས་སྤོའི་ལས་གཞིའི་གནས་བབ། བོད་མི་ཕྱི་རྒྱལ་ནས་ཚུར་གཞིས་ཆགས་ནང་གཏན་སྡོད་ཡོང་མཁན་རྣམས་ཀྱི་དཀའ་སེལ་ཐབས་ལམ་ཡོད་མེད། སྦན་རྡ་ར་མཉམ་འབྲེལ་གྱི་གནས་སྟངས་སྐོར། བཞུགས་སྒར་རྡ་རམ་ས་ལ་ཁུལ་གྱི་གཞུང་ལམ་འཕྲོ་བརླག་ཕྱིན་པ་ཁག་ལ་བསྐྱར་བཟོ་ཐུབ་མིན། བགྲེས་ཤག་བགོ་འགྲེམས་གནང་ཕྱོགས། སྦེང་ལོར་ནི་ལ་མ་གྷ་ལམ་ས་ཆའི་གནས་སྟངས། ན་གཞོན་རོགས་སྐྱོར་ལས་གཞི། སྐྱུར་འབྲས་འདེབས་ལས་དང་འབྲེལ་བའི་སྐྱེ་ལྡན་སོ་ནམ་པའི་ལས་གཞི། བོད་མིའི་སྒྲིག་འཛུགས་ཀྱི་ས་ཆའི་མིང་བསྒྱུར་གནས་སྟངས། ས་གནས་འགོ་འཛིན་ལས་ཁུངས་ཁག་རང་ཁ་རང་གསོ་ཡོང་ཐབས། ཀུ་ལུ་དཔལ་རབ་གླིང་ས་གནས་བོད་མིའི་གནས་སྟངས་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བར། དཔལ་ལྡན་སྲིད་སྐྱོང་དང་། ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད།

དེ་ཉིན་སྔ་དྲོ་ཚོགས་ཐུན་གཉིས་པའི་ཐོག རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ (Rashtriya  Swayamsevak Sangh) ཡི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་རྡ་ཏ་ཏེ་རེ་ཡ་ ཧོ་ས་བྷ་ལེ་ (Shri Dattatreya Hosabale)  མཆོག་གིས་གཙོས་པའི་སྐུ་ཚབ་ཚོགས་ཆུང་ཞིག་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་པར་གྲོས་ཚོགས་ནས་དགའ་བསུ་ཞུས་གནང་ཡོད་པ་བཅས།