
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༦ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༡ ཉིན་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་ཡིག་ཆ་ཨང་ ༡༢ ཀ བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་། རྒྱལ་རྟགས་ཀྱི་བཟོ་དབྱིབས་དང་། མཚོན་མདོག བོད་ཀྱི་རྒྱལ་གླུའི་གདངས་དབྱངས་རིང་ཐུང་བཅས་ཚད་མཐུན་གཅིག་འགྱུར་ཡོང་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་འཛུགས་གནང་བའི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་སྙན་སྒྲོན་གནང་བ་དང་། དེ་ནས་ཡིག་ཆ་ཨང་ ༡༢ ཁ བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་གསར་བཟོའི་ཁྲིམས་འཆར་ཞིག་ཚོགས་ཆུང་གི་དྲུང་ཆེ་སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་གིས་བཏོན་གནང་བར། ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོའི་ལས་རིམ་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་སོང་། སྒྲིག་གཞི་དེའི་ནང་སྔོན་འགྲོ་དང་། བོད་ཀྱི་རྒྱལ་དར་གྱི་སྤྱི་བཤད། བོད་ཀྱི་རྒྱལ་དར་བེད་སྤྱོད་བྱེད་ཕྱོགས། བོད་ཀྱི་རྒྱལ་རྟགས་ཀྱི་སྤྱི་བཤད། བོད་ཀྱི་རྒྱལ་གླུ་བཅས་ལེའུ་དྲུག་དང་ནང་གསེས་དོན་ཚན་ཉི་ཤུ་རྩ་གཉིས་ཡོད་འདུག

ཡིག་ཆ་ཨང་ ༡༣ པ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་རྗེས་བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པའི་ཐོག་ནས་གཏན་འབེབས།

དེ་རྗེས་མུ་མཐུད་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་ཀྱི་ལས་རིམ་ཐོག ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས་སྤྱི་མོས་གཏན་འབེབས་གནང་སོང་།

མཐར་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས་དགོངས་ཤོག་ཁག་དང་། བདུན་རྗེས་མའི་ལས་རིམ་སྙན་སྒྲོན་གནང་ཡོད་པ་བཅས།
