སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་འཕོ་འགྱུར་གནང་བ།

 

༄༅། །དེ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༤ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལོ་གཉིས་དང་ཕྱེད་ཀ་ཕྱི་མའི་སྐབས་སྤྱི་འཐུས་པདྨ་འབྱུང་གནས་མཆོག་ཚོགས་གཙོར་ཕེབས་གནང་ཡོད་པ་དང་། སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྙིང་མའི་ཆོས་བརྒྱུད་སྤྱི་འཐུས་རྒྱུན་ལས་སུ་བཞུགས་པ་དང་། གཞན་ས་སྐྱའི་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གི་ཚབ་ཏུ་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་། མདོ་སྟོད་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གི་ཚབ་ཏུ་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་བཅས་སྤྱི་འཐུས་རྒྱུན་ལས་སུ་ཕེབས་གནང་ཡོད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱུན་ལས་གཙོ་སྐྱོང་དང་པོའི་སྐབས་རྒྱུན་ལས་རྣམས་ལ་འཚམས་འདྲི་དང་། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་ལས་དོན་ཚགས་ཚུད་དང་། ཕྱར་གྲུ་མཉམ་འདེགས་ཡོང་བའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།

སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྒྱུན་འབྲེལ་སྡེ་ཚན་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་རྣམ་གཉིས་ཆབ་སྲིད་སྡེ་ཚན་དུ་ལས་ཁུར་ཞུས་གནང་ཡོད་པ་བཅས། །