
༄༅། ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༧སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩིའི་སླད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༡༡ པའི་ཚེས་ ༦ རེས་གཟའ་ཕུར་བུ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ པ་ནས་ཕྱི་དྲོ་ཆུ་ཚོད་ ༤།༠༠ བར་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ (Delhi University) གི་ཁྱབ་ཁོངས་སེན་ སི་ཊེ་ཕན་མཐོ་སློབ་ (St. Stephen’s College) ནང་ ‘སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ།’ ཞེས་པའི་བརྗོད་གཞིའི་ཐོག་པར་རིགས་འགྲེམས་སྟོན་ཞིག་གནང་ཡོད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་སེན་ སི་ཊེ་ཕན་མཐོ་སློབ་ཀྱི་སློབ་སྤྱི་སློབ་དཔོན་ཇོན་ ཝར་གྷི་སེ་ (Prof. John Varghse, Principal, St Stephen’s College, Delhi University) མཆོག་དང་། ཚད་མཐོའི་སློབ་གཉེར་བསྟི་གནས་ཁང་གི་འགན་འཛིན་འབུམ་རམས་པ་བྷར་ཊ་རམ་ དྷེ་ཝི་དྷ་སེ་ (Dr. Bertram Devedas, Director for the Center for Advanced learning, St Stephen’s College) ལགས། མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་ཁག་ཅིག ཚོགས་དྲུང་ལས་ཁུངས་ཀྱི་ཆེད་བཅར་འབྲེལ་ཡོད་ལས་བྱེད་བཅས་ཚང་འཛོམས་ཐོག་དབུ་འབྱེད་མཛད་སྒོ་ཚོགས་གནང་སོང་།

ཐོག་མར་སེན་ སི་ཊེ་ཕན་མཐོ་སློབ་ཀྱི་སློབ་སྤྱི་སློབ་དཔོན་ཇོན་ ཝར་གྷི་སེ་ (Prof. John Varghse) མཆོག་གིས་དར་ཚོན་གཅོད་འབྲེགས་ཀྱིས་འགྲེམས་སྟོན་དབུ་འབྱེད་དང་སྦྲགས། ཕྱི་ལོ་ ༢༠༡༨ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སེན་ སི་ཊེ་ཕན་མཐོ་སློབ་དབུ་བརྙེས་པའི་མཛད་སྒོའི་ཐོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པའི་སྐོར་དང་། བཙན་བྱོལ་བའི་གནས་བབ་འོག མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ནང་ཞི་བདེ་གོང་སྤེལ་ཐོག་ལ་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་པ་ནི། ང་ཚོ་ཚང་མ་དང་། ལྷག་པར་དུ་གཞོན་སྐྱེས་རྣམས་ལ་མིག་དཔེ་བཟང་པོ་ཞིག་བསྟན་ཡོད་པ། གཞོན་སྐྱེས་རྣམས་ནི་མ་འོངས་པའི་སྤྱི་ཚོགས་ཀྱི་འགོ་ཁྲིད་མཁན་ཞིག་ཡིན་སྟབས། ༧གོང་ས་མཆོག་གི་མཛད་འཕྲིན་ལ་དོ་སྣང་དང་མིག་དཔེར་བླངས་ཏེ། རྒྱ་གར་དང་འཛམ་གླིང་ནང་ཞི་བདེ་ཡོང་རྒྱུར་ཞབས་འདེགས་ཞུ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

དེ་བཞིན་ཁོང་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་བོད་དང་བོད་མིའི་མགྲིན་ཚབ་ (Voice for the Voiceless) ཅེས་པ་ཕྱག་རྟགས་སུ་འབུལ་སྐབས། ཁོང་གིས་ཕྱག་དེབ་དེ་བཞིན་གང་འགྱོགས་གཟིགས་ཞིབ་གནང་སྟེ། མཐོ་སློབ་ཀྱི་དཔེ་མཛོད་ཁང་ནང་འཇོག་རྒྱུ་ཡིན་སྐོར་གསུངས་པ་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་སྨོན་སྐྱིད་ལགས་ཀྱིས་ཐེངས་འདིའི་འགྲེམས་སྟོན་གྱི་ལས་རིམ་དང་། ནང་དོན་སྐོར་ངོ་སྤྲོད་བཅས་གནང་རྗེས། པར་རིགས་འགྲེམས་སྟོན་ལ་རེ་རེ་བཞིན་དྲི་བ་དང་བཅས་གཟིགས་ཞིབ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་འགྲེམས་སྟོན་ལ་བསྔགས་བརྗོད་གནང་སོང་།

ཉིན་དེའི་འགྲེམས་སྟོན་སྐབས། ཚད་མཐོའི་སློབ་གཉེར་བསྟི་གནས་ཁང་གི་འགན་འཛིན་འབུམ་རམས་པ་བྷར་ཊ་རམ་ དྷེ་ཝི་དྷ་སེ་ (Dr. Bertram Devedas, Director for the Center for Advanced learning, St Stephen’s College) ལགས་དང་། འབྲེལ་མཐུད་པ་སྐུ་ཞབས་ལོར་ཊ་ ཧོང་ཀོང་ (Lord Hongkong, Coordnator for the Center for Advanced learning, St Stephen’s College) ལགས་རྣམ་གཉིས་ཀྱིས་མཐུན་འགྱུར་གནང་བ་དང་། འགྲེམས་སྟོན་གནང་བ་བརྒྱུད་འདི་གའི་རྒྱ་གར་གྱི་སློབ་ཕྲུག་བརྒྱ་ཕྲག་བརྒལ་བར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད།

འགྲེམས་སྟོན་ཐོག ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་སྨོན་སྐྱིད་ལགས་དང་། རྒྱལ་མཚན་མགོན་པོ་ལགས། ཕུན་ཚོགས་རྒྱ་མཚོ་ལགས། བསྟན་འཛིན་དཔལ་འབྱོར་ལགས་བཅས་ཆེད་བཅར་གནང་ཡོད་པ་བཅས།
