སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ཁང་ཚན་རྣམས་ཀྱི་ལོ་འཁོར་རྐང་བྲོ་གླུ་གཞས་གཟིགས་འབུལ་མཛད་སྒོར་དཔལ་ལྡན་སྤྱི་ལྷན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གཙོ་བོར་ཕེབས་པ།

IMG_2362IMG_2390

ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༣༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ཁག་གི་ལོ་འཁོར་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་མཛད་སྒོར་གདན་ཞུས་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཕེབས་གནང་ཡོད། ཐོག་མར་སློབ་གྲྭའི་དབུ་འཛིན་མཆོག་གིས་སྐུ་མགྲོན་རྣམ་པར་ཕེབས་བསུ་ཞུས་པ་དང་སྦྲགས་ད་ལོའི་གཞས་སྣ་འཁྲབ་སྟོན་ནི་དམིགས་བསལ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་སྔོན་འགྲོའི་མཆོད་སྤྲིན་འབུལ་ཆེད་དང་བོད་ཀྱི་རིག་གཞུང་དང་། དེ་ཡང་རིག་གནས་དང་འབྲེལ་བ་ཡོད་པའི་སྐོར་བཅས་གསུངས། སྐབས་དེར་སྡེ་ནང་གཉིས་དང་བོད་ཚོགས་བཅས། སྦིར་གཞིས་ཆགས་གསུམ་གྱི་གཞིས་འགོ་དང། དགོན་སྡེ་ཁག་གི་མཁན་པོ་དང་ལས་སྣེ་སོགས་ཕེབས་གནང་ཡོད། སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཁང་ཚན་ཁག་བཞི་ཡོད་པ་དང་། སྐབས་དེར་ཐོག་མར་སྒྲུབ་ཐོབ་ཐང་སྟོང་རྒྱལ་པོ་དྲན་གསོ་བའི་མཉམ་གཞས་ནས་འགོ་བཙུགས་ཏེ། གཟིགས་མོ་ལེའུ་བཅུ་དྲུག་མང་ཚོགས་ལ་གཟིགས་འབུལ་ཞུས་ཡོད་པ་དང་། དེ་གྲུབ་རྗེས་ཚོགས་གཙོ་མཆོག་གིས་རྐང་བྲོ་གླུ་གཞས་འགྲན་བསྡུར་ཐོབ་མཁན་རྣམས་ལ་བྱ་དགའ་གསོལ་རས་བསྩལ། དེ་ནས་བཀའ་སློབ་གནང་དོན་དུ། སློབ་གྲྭའི་སློབ་ཕྲུག་རྣམས་ཀྱི་གཞས་སྣ་དང་རྣམ་འགྱུར་རྣམས་འཁྲབ་ཉམས་ལྡན་ཞིང་གཞས་གདངས་ཚད་དང་ལྡན་པ། དེ་མཚུངས་གཞས་ཀྱི་ནང་དོན་རྣམས་ཀྱི་རིག་གཞུང་གི་ཁྱད་ཆོས་དྲན་གསོ་གཏོང་བ་དང་བག་ཆགས་འཇོག་ཐུབ་པའི་གཟིགས་སྣང་བྱུང་ཡོད་པ་དང་། བོད་ནང་ཆོས་དང་། རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་དེ་འདྲ་མེད་པ་དང་། དཔེར་ན་ཕྱི་ཟླ་ ༦ ཚེས་ ༢༥ ཉིན་ཟི་ལིང་གནམ་ཐང་དུ་གློག་བརྙན་ཁྲབ་འཁྲིད་པ་དང་རྩོམ་པ་པོ་གྲགས་ཅན་པདྨ་ཚེ་བརྟན་ལགས་རྒྱུ་མཚན་ཁ་གསལ་མེད་པ་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་དང་རྡུང་རྡེག་བཏང་བས་ཁོང་ད་ལྟ་སྨན་ཁང་དུ་བསྐྱལ་དགོས་པའི་གནས་སྟངས་དེ་དག་ནས་རང་དབང་གི་གནས་སྟངས་དང་། འགྲོ་བ་མི་ཡི་ཐོབ་ཐང་བཅས་ལ་སེམས་འཚབ་སྐྱེ་གཞི་ཆགས་ཡོད། དེ་བཞིན་འཁྲུངས་སྐར་དང་འབྲེལ་བའི་ཐད་༸གོང་ས་མཆོག་གི་ཐུགས་འགན་གསུམ་སྐོར་འགྲེལ་བཤད་དང་། ང་ཚོས་དེ་བཞིན་དུ་ཉམས་ལེན་གནང་དགོས་པའི་སྐོར་དང་། སློབ་ཕྲུག་རྣམས་ཀྱིས་གལ་ཆེ་ཤོས་བོད་ནང་རྒྱ་མིའི་ཆབ་སྲིད་དམ་བསྒྲགས་ཇི་བྱུང་རྣམས་ཤེས་པའི་ཐོག་རང་གི་སློབ་སྦྱོང་ལ་རྩ་ཆེར་གཟུང་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་གནང་རྗེས་བོད་ཀྱི་རྒྱལ་གླུ་བཏང་སྟེ་གཞས་སྣ་འགྲན་བསྡུར་མཇུག་བསྒྲིལ་བའི་གནས་ཚུལ་དུ།།

IMG_2375