སི་པན་རྒྱལ་ཁབ་ནང་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༢༡ ཉིན་བོད་ཀྱི་ལོ་གསར་ཚེས་གཅིག་ལ་སི་པན་གྲོས་ཚོགས་གོང་མའི་ཚོགས་ཁང་ནང་སི་པན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་གྲངས་ ༢༩ ལས་གྲུབ་པའི་སི་པན་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཡོད།

དེ་ཉིན་སྔ་དྲོ་ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག་དང་། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། སི་པན་བོད་རིགས་ཚོགས་པའི་ཚོགས་གཙོ་རིག་འཛིན་སྒྲོལ་མ་ལགས་བཅས་སི་པན་རྒྱལ་ས་མེ་ཌི་རི་ཌི་ (Madrid) ལ་ཡོད་པའི་བྱམས་བརྩེ་འགྲོ་ཕན་གླིང་གི་ཆོས་ཚོགས་སུ་དགེ་བཤེས་བློ་བཟང་བསྟན་དར་ལགས་དང་། ཨེམ་ ཇོ་སེ་ བྷར་མུ་ཌེ་ཛི་ (M. Jose Bermudez) ལགས་རྣམ་གཉིས་ནས་མགྲོན་འབོད་ལྟར། ལོ་གསར་གྱི་རྟེན་འབྲེལ་མཛད་སྒོ་ཞིག་ཚོགས་པའི་ཐོག་མཉམ་ཞུགས་གནང་འདུག

དེ་རྗེས། སི་པན་གྱི་གྲོས་ཚོགས་གོང་མའི་ཚོགས་ཁང་ནང་སི་པན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་གྲངས་ ༢༩ ལས་གྲུབ་པའི་སི་པན་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཞིང་། དབུ་འབྱེད་མཛད་སྒོའི་ཐོག་མར་སི་པན་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རོ་བྷར་ཊི་ མ་སི་ ནཱ་ཧར་ (Robert Masih Nahar) མཆོག་གིས་ཚོགས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བརྙན་འཕྲིན་བརྒྱུད་སི་པན་གྲོས་ཚོགས་གོང་མའི་འཐུས་མི་རྣམ་པས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སི་པན་གྲོས་ཚོགས་གོང་མའི་འཐུས་མི་རྣམ་པ་འབྱུང་འགྱུར་བཞུགས་སྒར་རྡ་སར་ཕེབས་གནང་ཡོང་བའི་མགྲོན་འབོད་གནང་འདུག

གཞན་ཡང་སྐབས་དེར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག་གིས་སི་པན་སྐད་ནང་མཛད་སྒོ་དང་འབྲེལ་བའི་གསུང་བཤད་དང་། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་གིས་གསུང་བཤད་གནང་བའི་སྙིང་དོན། རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་ཁྲིམས་འགལ་བཙན་བཟུང་བྱས་པ་ནས་བཟུང་། ད་ཆ་བོད་རྒྱལ་ཁབ་དང་། མི་རིགས་ཀྱི་ངོ་བོ་ཙམ་ཤུལ་ལྷག་མེད་པར་འགྱུར་ཉེན་གྱི་སྐབས།   གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག བོད་དང་། རྒྱ་གཞུང་གི་སྐུ་ཚབ་དབར་ཕན་ཚུན་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་ཐད་ཐག་གཅོད་གཙང་མ་ཞིག་བྱུང་ན། དབུས་དང་ལྷོ་ཤར་ཨེ་ཤི་ཡའི་ས་ཁུལ་ལ་ཞི་བདེ་དང་ལྷིང་འཇགས་ཡོང་རྒྱུར་དོན་དངོས་ཐོག་ཕན་རླབས་རྒྱ་ཆེན་པོ་ཞིག་འབྱུང་ངེས་རེད་ཅེས་དང་།  ཇི་སྲིད་བོད་རྒྱའི་དཀའ་རྙོག་མ་སེལ་བར་དེ་སྲིད་སི་པན་གཞུང་དང་། གྲོས་ཚོགས་འཐུས་མི། མི་མང་བཅས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་རེ་འདུན་ཞུས་གནང་རྗེས། སི་པན་བོད་རིགས་ཚོགས་པའི་ཚོགས་གཙོ་རིག་འཛིན་སྒྲོལ་མ་ལགས་ཀྱིས་སི་པན་སྐད་ནང་གསུང་བཤད་དང་། དེ་རྗེས་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བོད་དོན་ཐད་ཡིག་ཆ་གཅིག་སྒྲོག་སྦྱངས་དང་གསུང་བཤད་གནང་ཡོད་འདུག

མཐར་སི་པན་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རོ་བྷར་ཊི་ མ་སི་ ནཱ་ཧར་ (Robert Masih Nahar) མཆོག་གིས་དབུས་པའི་ཚོགས་མི་རྣམ་པར་མཇལ་དར་དང་། སི་པན་སྐད་ཡིག་ནང་ཡོད་པའི་བོད་དོན་སྙན་ཐོ་དང་། བོད་དོན་དང་འབྲེལ་བའི་ཕྱག་དེབ་སོགས་ཕུལ་གནང་རྗེས། གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་བ་དང་། ཉིན་གུང་གྲོས་ཚོགས་ཀྱི་སྤྱི་ཐབ་ནང་གསོལ་ཚིགས་འདེགས་འབུལ་ཞུས་གནང་ཡོད་པ་བཅས། །