སི་པན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐུགས་རྗེ་ཆེ་ཞུས་པ།

༄༅། ། སི་པན་རྒྱལ་ཁབ་ནང་སི་པན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་རྗེས། དེ་རིང་ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༡༧ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སི་པན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རོ་བྷར་ཊ་ མ་སཱི་ ནཱ་ཧར་ (Senator Robert Masih Nahar) མཆོག་དང་། ཚོགས་མི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག

དེ་ཡང་ཐུགས་རྗེ་ཆེ་ཞུའི་འཕྲིན་ཡིག་ནང་འཁོད་དོན། སི་པན་རྒྱལ་ཁབ་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་པ་མ་ཟད། ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༢༡ ཉིན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་འབྱེད་གནང་རྒྱུ་ཡིན་པ་ཐོས་འཕྲལ་ང་ཚོ་དགའ་ཚོར་ཆེན་པོ་བྱུང་། དབུ་འབྱེད་ཀྱི་ཉིན་དེར་བོད་ཀྱི་ལོ་གསར་ཡང་འཁེལ་གྱི་ཡོད།

ངས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་དང་། སི་པན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚོགས་པ་འདི་བརྒྱུད་སི་པན་རྒྱལ་ཁབ་ནང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ང་ཚོ་མཉམ་རུབ་ཀྱིས་ལས་འགུལ་སྤེལ་ཐུབ་ངེས་རེད། ཁྱེད་རྣམ་པའི་རྒྱབ་སྐྱོར་ནི་ང་ཚོར་གལ་འགངས་ཤིན་ཏུ་ཆེན་པོ་ཆགས་ཀྱི་ཡོད་ཅེས་འཁོད་འདུག་པ་བཅས། །