སངས་རྒྱས་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བར་བོད་མི་མང་ སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

140༄༅། །བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ས་ག་ཟླ་བའི་ཚེས་གཉིས་ཏེ་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༠ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༨ པ་ཙམ་དུ་བོད་ཁམས་རྟའུ་རྫོང་ཁང་སར་ཡུལ་ཚོ་ཁུ་ནན་གྲོང་ནས་ཡིན་ཞིང་། རང་ལོ་ ༣༥ ཡིན་པའི་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་བ་དང་། སྐབས་དེར་ཁོང་འདས་གསོན་ཇི་བྱུང་ཁ་གསལ་ཤེས་རྟོགས་མ་ཐུབ་ཀྱང། དེ་རྗེས་གསར་ལམ་ཁག་ནས་ཁོང་འདས་གྲོངས་སུ་སོང་བའི་གནས་ཚུལ་ཡང་ཐོན་འདུག
གཞན་ཡང་གནས་ཚུལ་ཐོན་གསལ་ལྟར་ན་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༧ རེས་གཟའ་ལྷག་པའི་ཉིན། བོད་ནང་གི་ཞོགས་པ་ཆུ་ཚོད་ ༤ པ་ཙམ་ལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཅོ་ནེ་རྫོང་ཁོངས་ཀྱི་ཆབ་བུ་གཤིས་སམ་ཉིན་པ་ཡུལ་ཚོ་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་ཉེ་འདབས་སམ། རྒྱ་གཞུང་གི་སྤྱི་བདེ་ཉེན་རྟོག་པ་དང་དམག་མི། ལས་དོན་རུ་ཁག་བཅས་མཉམ་སྡོད་བྱེད་ས་ཡན་ལག་དཔུང་སྡེའི་ཉེ་འགྲམ་དུ་རང་ལོ་ ༣༦ སོན་ཞིང་། ཁྱོ་གའི་མིང་ལ་རྟ་མགྲིན་དབང་རྒྱལ་དང་། བུ་ཚེ་རིང་དོན་འགྲུབ་དང་བུ་མོ་མཁའ་འཚོ་གཉིས་ཀྱི་ཨ་མ་སངས་རྒྱས་མཚོ་ཡིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་འདས་གྲོངས་སུ་གྱུར་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག འབྲེལ་ཡོད་ཀྱིས་གསར་ལམ་ཁག་ཏུ་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ད་ལྟ་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་དང་ཉེན་རྟོག་པ་སངས་རྒྱས་མཚོའི་ཁྱིམ་དུ་ཡོང་ནས་ཁྱིམ་མི་ཚོར་འདྲི་བརྩད་དང་ཁྱིམ་མིའི་འགྲོ་འོང་བཀག་སྡོམ་ཤུགས་ཆེན་པོ་བྱེད་བཞིན་ཡོད་འདུག དེའང་རང་ལུས་མེར་བསྲེགས་མ་བཏང་བའི་སྔོན་ཙམ་ལ་སངས་རྒྱས་མཚོས་ཁོང་མོའི་སྐད་འཕྲིན་ནང་སྐད་ཆ་འགའ་བཤད་རྗེས་ནང་མི་རྣམས་ཁོང་མོར་སེམས་འཚབ་ཆེན་པོས་ཡར་མར་བརྩད་གཅོད་བྱས་ཀྱང་མ་རྙེད། དེ་རྗེས་ཁོ་བོམ་གོང་ཚེས་ཉིན་གྱི་ཞོགས་པར་རང་ལུས་མེར་བསྲེགས་གནང་སྟེ་ཕུང་པོ་རྒྱ་གཞུང་གིས་ཁྱེར་ཡོད་པ་ནང་མི་ཚོས་ཤེས་རྟོགས་བྱུང་ཡོད་ཀྱང་ཁོང་མོའི་སྐད་འཕྲིན་ནང་ག་རེ་བཤད་ཡོད་མེད་ཤེས་རྟོགས་ཐུབ་མི་འདུག སངས་རྒྱས་མཚོའི་རང་ལུས་མེར་བསྲེགས་གཏོང་ཡུལ་དེར་སྔོན་མ་རྒྱའི་ལས་ཁུངས་ཆུང་ཆུང་ཞིག་ལས་མེད་ཀྱང་། ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་ས་གནས་ཀྱི་དགེ་འདུན་པ་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། དེ་རྗེས་སྤྱི་བདེ་ཉེན་རྟོག་ཡན་ལག་དཔུང་སྡེ་དེ་སྔར་ལས་རྒྱ་སྐྱེད་བཏང་ཡོད་འདུག
ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ཁྱོན་ནས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་མཁན་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་ ༡༤༠ དང་དེའི་ཁྲོད་ནས་འདས་གྲོངས་སུ་ཕྱིན་པ་ ༡༢༡ ཆགས་ཀྱི་ཡོད། བོད་ནི་འཛམ་གླིང་ཐོག་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་བྱེད་མཁན་མང་ཤོས་ཀྱི་ཡུལ་ཞིག་ཆགས་ཡོད། རྒྱ་ནག་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཕྱིའི་དཔལ་འབྱོར་འཕེལ་རྒྱས་ཁོ་ནར་ཁ་གཡར་ཏེ་འགྲོ་བ་མིའི་རིགས་ལ་རྩ་ཆེའི་དགོས་དམིགས་སམ་མང་ཚོགས་ཀྱི་མངོན་འདོད་ལ་ཇི་མི་སྙམ་པར་དོན་དམ་པའི་མི་མང་གི་བདེ་སྐྱིད་དང་རང་དབང་། ཐོབ་ཐང་བཅས་ལ་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་པའི་དངོས་ཡོད་ཀྱི་གནས་སྟངས་འདིའི་འོག གཞིས་ལུས་སྤུན་ཟླ་རྣམས་ནས་རང་ལུས་མེར་བསྲེགས་ཀྱིས་ཞི་བའི་ངོ་རྒོལ་ཚད་མཐོ་ཤོས་འདི་སྤེལ་ཏེ་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་རབ་དང་རིམ་པ་གནང་ཡོད་པ་མ་ཟད། རྒྱ་ནག་གི་ས་ཆ་གང་སར་སྲིད་དབང་སྒེར་གཅོད་ཀྱི་གཞུང་དང་མི་མང་དབར་གྱི་འགལ་ཟླ་ཇེ་གསལ་གྱིས་ངོ་རྒོལ་ལས་འགུལ་སྤེལ་མུས་ཡིན་པ་འདིས་རྒྱ་གཞུང་རང་གིས་སྟོབས་ཆེན་དུ་རློམ་ཡང་དོན་དམ་པར་རྒྱ་ནག་གང་སར་ཟང་ཟིང་ལང་ལོང་གིས་མི་མང་རྣམས་ལ་བདེ་རྩ་མེད་པའི་ཉི་ཤར་སྦར་མོས་མི་ཁེབས་པའི་དངོས་ཡོད་གནས་སྟངས་འདི་གསལ་པོར་མཚོན་ཡོད། དྲང་བདེན་ལ་དགའ་ཞིང་རང་དབང་བརྩོན་ལེན་གནང་མཁན་རྒྱལ་ཁབ་དང་། གཞུང་སྒེར་སུ་འདྲ་ཞིག་གིས་བལྟས་ཀྱང་རྒྱ་ནག་མུན་ནག་གི་ཕྱོགས་དེ་མཐོང་ཐུབ་པའི་གནས་སྟངས་ཤིག་ཡིན།
དེ་མིན་རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་རྣམས་གཙོས་བོད་མི་ཞི་རྒོལ་བ་ཡོངས་དང་། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་མངོན་འདོད་ལ་བདག་སྤྲོད་བྱས་ཏེ་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་ངེས་པར་དུ་འགྱུར་བ་གཏོང་དགོས་པ་དང་། ང་ཚོའི་ཕྱོགས་ནས་སྔར་བཞིན་བློ་གཟུ་བོར་གནས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་གསར་འགོད་པ་སོགས་རྒྱལ་སྤྱིའི་འབྲེལ་ཡོད་ཡོངས་ནས་བོད་ནང་དངོས་ཡོད་གནས་སྟངས་རྟོག་ཞིབ་ཡོང་སླད་ཞིབ་དཔྱོད་ཚོགས་ཆུང་གཏོང་གནང་ཡོང་རྒྱུའི་རེ་བསྐུལ། ཚང་མས་བོད་མི་རིགས་འདིའི་བདེན་དོན་ལ་ཁ་ཡོད་ལག་ཡོད་ཀྱི་དཔུང་རོགས་དགོས་པའི་འབོད་བསྐུལ་ཤུགས་དྲག་ཞུ་བཞིན་ཡོད། དེ་མིན་རྒྱ་ནག་གཞུང་གིས་ད་བར་བོད་ནང་སྲིད་དབང་དྲག་སྤྱོད་ལག་བསྟར་བྱས་པའི་མཇུག་འབྲས་དང་། བོད་ནང་གི་ཡ་ང་བའི་གནས་སྟང་མཐའ་དག་གི་འགན་ཡོངས་རྫོགས་རྒྱ་ནག་གཞུང་གིས་འཁུར་དགོས་པ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ ༥ ཚེས་ ༢༨ ལ།།