ཤེས་རབ་ཚེ་རྡོར་གྱིས་ལྡི་ལི་རྒྱ་མིའི་གཞུང་ཚབ་མདུན་དུ་རང་ལུས་མེར་བསྲེགས་བཏང་བའི་ཐད་སྤྱི་ལྷན་གྱི་གསར་འགོད་གསལ་བསྒྲགས།

༄༅།  །ཁ་སང་བོད་ནང་འདི་ལོ་ཕྱི་ཟླ་ ༣ ནས་བཟུང་ད་བར་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཐེངས་ ༡༡ པ་བྱུང་སྟེ་བཙུན་མ་དཔལ་ལྡན་ཆོས་མཚོ་སྐུ་སྲོག་ཤོར་ཡོད་པ་དང། ད་ནངས་བཀའ་སྤྱི་གཉིས་ནས་བསྔོ་སྨོན་མཆོད་འབུལ་འཚོགས་པའི་རྗེས། ལྡི་ལིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་རང་དབང་ཆེད་གཞོན་ནུའི་དང་བླངས་ཞབས་ཞུ་ཞེས་པའི་ཚོགས་མི་ཤེས་རབ་ཚེ་རྡོར་རམ་མིང་གཞན་ལ་མིག་དམར་ཟེར་བའི་བསམ་ཡས་གླིང་གི་ན་གཞོན་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ། བོད་ལ་རང་དབང་དགོས། བོད་ནང་དམར་གསོད་མཚམས་འཇོག་བྱེད་དགོས་ཞེས་སོགས་སྐད་འབོད་བྱས་འདུག་པ་དང། དེ་འཕྲལ་སྐོར་སྲུང་བས་མེ་བསད་དེ་སྨན་ཁང་དུ་ཁྲིད་འདུག དེ་བཞིན་ཁ་སང་བལ་ཡུལ་རྒྱལ་སར་བོད་རིགས་གཞོན་སྐྱེས་ཕོ་མོ་ ༡༨ ཙམ་ནས་ས་སྣུམ་ཁྱེར་ཡོད་པ་སྐོར་སྲུང་བས་ཤེས་རྟོགས་ཀྱིས་བཀག་འགོག་བྱས་པའི་གནས་ཚུལ་ཐོན་པ་བཅས་ལ་ང་ཚོ་བློ་འཚབ་ཇི་ཆེའི་ངང་གནས་བཞིན་ཡོད།

བོད་ནང་འ་ཆད་འུ་ཐུག་ཏུ་གྱར་བའི་བོད་མི་ཚོས་གཅིག་མཇུག་གཉིས་མཐུད་དུ་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བཞིན་པར་རྒྱ་གཞུང་ནས་ཁོ་ཚོའི་དགོས་འདུན་ལ་ཉན་འཇོག་མེད་པ་དང་། དོན་རྐྱེན་གྱི་འབྱུང་རྩ་ངོ་མར་ཇི་མི་སྙམ་པར་ལས་འགུལ་འདི་དག་རྣམ་པ་འགྱུར་བའི་དྲག་པོའི་འཇིགས་སྐུལ་དང། ཏཱ་ལའི་རུ་ཚོགས་ཀྱིས་ངན་སྐུལ་བྱས་ལུགས་ཡ་ང་བག་ཚ་མེད་པར་ཧམ་ཤེད་རྫུན་སྒྲོག་དང། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་དང་དྲང་བདེན་ལ་རྒྱབ་སྐྱོར་བྱ་རྒྱུར་དགོས་ངེས་ཀྱི་འབད་བརྩོན་བསྟེན་མ་ཐུབ་པའི་དབང་གིས། བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་ཚོས་ལས་འགུལ་འདི་ལྟར་སྤེལ་གྱི་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་དང་རང་དབང་ཡུལ་གྲུའི་སྲིད་གཞུང་དང། གྲོས་ཚོགས་ནས་དམའ་མཐར་ཡང་རྒྱ་གཞུང་ལ་རྒྱ་ནག་གི་རྩ་ཁྲིམས་ཀྱིས་འགན་ལེན་བྱས་པའི་བོད་མིའི་གཞི་རིམ་ཐོབ་ཐང་ཁག་དོན་འཁྱོལ་ལ་སྐུལ་འདེབས་དང།  དོན་རྐྱེན་འདིའི་ཐད་རྒྱ་གཞུང་གི་ཧམ་རྫུན་དེ་རིགས་དངོས་བདེན་ཇི་ཡིན་རྟོག་ཞིབ་ཚོགས་ཆུང་ཞིག་འཕྲལ་དུ་གཏོང་ཐབས་ཀྱི་འགན་འཁུར་ལེན་རྒྱུར་ང་ཚོས་བསྐྱར་དུ་འབོད་སྐུལ་ཞུ་རྒྱུ་དང།

གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སྒེར་བ་བཅས་ནས་ཀྱང་བོད་ཕྱི་ནང་གི་འུ་ཐུག་པའི་བོད་མིའི་དགོས་འདུན་ལ་བདག་སྤྲོད་ཡོང་རྒྱུར་ནུས་པ་ཐོན་པའི་ལས་འགུལ་མུ་མཐུད་སྤེལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༤  ལ།།