
༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༩ པའི་ཚེས་ ༢ ཉིན་ཨ་རིའི་ས་གནས་མི་ནེ་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པས་ལྷོ་བྱང་ཨ་རིའི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཚེ་བརྟན་ཕུན་ཚོགས་མཆོག་ས་གནས་སུ་བོད་མིའི་མང་གཙོའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་འདུག

དེ་ཡང་མཛད་སྒོའི་ཐོག་མར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེ་དང་བཅས་རྒྱལ་གཞས་རུ་ཁག་ནས་གླུ་གར་གྱི་མཆོད་པ་འབུལ་བཞིན་བཞུགས་ཁྲིར་གདན་ཞུས་གནང་རྗེས། སྐུ་མགྲོན་གཙོ་བོ་ཕྱོགས་བཞུགས་སྤྱི་འཐུས་ཚེ་བརྟན་ཕུན་ཚོགས་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེ་ནས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། མང་གཙོ་གསར་བཞད་ཀྱི་གླུ་དབྱངས་ཕུལ་གནང་འདུག

སྐབས་དེར་ཕྱོགས་བཞུགས་སྤྱི་འཐུས་ཚེ་བརྟན་ཕུན་ཚོགས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་དང་སྦྲགས། བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་ཞུས་རྗེས་ས་གནས་སུ་བཅར་བ་ཐེངས་དང་པོ་ཡིན་སྟབས། མི་མང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གལ་གནད་དང་། ད་ལྟའི་རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་ལ་སོ་སོའི་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་དབུ་མ་དང་རང་བཙན་གང་ཡིན་མིན་ལ་ལྟོས་མེད་ཀྱིས་ཁ་རྒྱ་ནག་གཞུང་ལ་ཁ་གཏད་དེ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་སྐབས་བོད་མི་ཡོད་དོ་ཅོག་གིས་རྡོག་རྩ་གཅིག་སྒྲིལ་གནང་དགོས་པའི་འབོད་སྐུལ་ཞུས་འདུག

གཞན་ཡང་ད་ལྟའི་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ནའི་བབ་ལ་ལྟོས་ཏེ། ང་ཚོ་མི་རེ་ངོ་རེས་སོ་སོའི་འགྲོ་འདུག་སྤྱོད་གསུམ་གང་ཅིའི་ཐད་ནས་མ་མཐའ་ཡང་༧གོང་ས་མཆོག་ཐུགས་ཕམ་མི་ཡོང་བ་ཞིག་བྱེད་དགོས་པའི་ཆོད་སེམས་དང་དམ་བཅའ་དགོས་པའི་གསུང་བཤད་གནང་ཡོད་འདུག་པ་བཅས།
