ལྡི་ལིར་རྒྱ་གར་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་ཀྱིས་བོད་དོན་ཆེད་ ཚོགས་འདུ་ཚོགས་པ།

 

IMG_1230༄༅། །རྒྱ་གར་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ནས་བཏང་གནང་ལྟར། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༡ ཉིན་རྒྱབ་ཏུ་བོད་དོན་ཐོག་བགྲོ་གླེང་བྱ་ཆེད་རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་གྲོས་ཚོགས་ཚོགས་ཆུང་གོ་སྒྲིག་གནང་མཁན་དང་། ཁོང་ཚོའི་ཕྱག་རོགས་རྣམས་ཡོད་པའི་རྒྱ་གར་རྒྱལ་ཡོངས་སྲིད་དོན་ཚོགས་པའི་བོད་དོན་གྲོས་ཚོགས་གླེང་སྟེགས་ (APIPFT) ཞེས་པ་དེ་བསྐོང་ཚོགས་གནང་ཡོད།

ལྡི་ལི་གསར་པའི་ཧི་མ་ཅལ་བྷ་ཝན་ཚོགས་ཁང་དུ་རྒྱ་གར་གྱི་སྲིད་དོན་ཚོགས་པ་འདྲ་མིན་དྲུག་ནས་གྲོས་ཚོགས་འཐུས་མི་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ཁྲིད་འོག་བོད་མིའི་འཐུས་མི་རྣམས་ཀྱིས་དེའི་ནང་མཉམ་ཞུགས་གནང་།

རྒྱ་གར་རྒྱལ་ཡོངས་སྲིད་དོན་ཚོགས་པའི་བོད་དོན་གྲོས་ཚོགས་གླེང་སྟེགས་གོ་སྒྲིག་གནང་མཁན་སྐུ་ཞབས་ཤན་ཏ་ཀུ་མར་ Shanta Kumar མཆོག་གིས་འཐུས་མི་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་བ་དང་། ཚོགས་འདུའི་མཛད་རིམ་ལྟར་སྤྱི་འཐུས་ཚོགས་གཙོ་མཆོག་ལ་ད་ལྟའི་བོད་དང་འབྲེལ་བའི་གནད་དོན་ཐོག་ངོ་སྤྲོད་གསུང་བཤད་གནང་དགོས་གསུངས་པ་ལྟར། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་བོད་ནང་རྒྱ་ནག་གིས་བོད་མིའི་ངོ་བོ་རྩ་མེད་གཏོར་བཤིག་བྱ་རྒྱུར་དམིགས་པའི་སྲིད་བྱུས་དང་ལས་འཆར་རྣམས་ཀྱི་ཐོག་ལ་གསུང་བཤད་མདོར་བསྡུས་ཞིག་གནང་།

IMG_1239སྐུ་ཞབས་ Shanta Kumar མཆོག་གིས་སྣེ་ཁྲིད་པའི་རྒྱ་གར་རྒྱལ་ཡོངས་སྲིད་དོན་ཚོགས་པའི་བོད་དོན་གྲོས་ཚོགས་གླེང་སྟེགས་འཐུས་མིའི་ཁོངས་སུ་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་ནི། སྐུ་ལྕམ་མ་ནེ་ཀ་གན་དྷི་ Maneka Gandhi (BJP) མཆོག་དང་། སྐུ་ཞབས་བྷ་ཤི་ཤེ་ཊ་ན་རའེན་སིང་ Bashista Narain Singh (JDU), སྐུ་ཞབས་ནི་ནོང་ཨེ་རིང་ Ninong Ering (INC), སྐུ་ལྕམ་ཀ་ཝི་ཏ་ཀལ་ཝ་ཀུན་ཏ་ལ་ Kavita Kalvakuntla (TRS), སྐུ་ཞབས་བྷ་གཏ་སིང་ཀོ་ཤི་ཡ་རི་ Bhagat Singh Koshyari (BJP), ཌོག་ཊར་ཨུ་ཏི་རཱཇ་ Udit Raj (BJP), སྐུ་ལྕམ་ཀ་ནག་ལ་ཏ་སིང་ Kanak Lata Singh (SP) དང་། ཌོག་ཊར་ཨ་རུན་ཀུ་མར་ Arun Kumar(RLSP) མཆོག་བཅས་ཕེབས་ཡོད།

གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་གིས་དུས་རབས་ཉེར་གཅིག་པའི་སྐབས་འདིར་ཡང་། བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དང་། བོད་མིའི་ངོ་བོ་བརླག་ཆེད་མི་སེར་སྤེལ་བའི་བཙན་གནོན་གཏོང་བར་ཐུགས་འཚབ་ཡོད་པ་གསུངས་པ་དང་། མ་འོངས་འབྱུང་འགྱུར་དུས་སྐབས་སུའང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་ཀྱི་གནད་དོན་ལམ་ལྷོང་ཡོང་རྒྱུའི་འགན་བཞེས་ངེས་ཡིན་གསུངས་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།