ལྕམ་མ་ཌུ་རི་སཱོན་ཌི་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

img_5806

 

ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༤ ཉིན་རྒྱབ་ཆུ་ཚོད་ ༡༢།༣༠ ཐོག་ལྕམ་མ་ཌུ་རི་སཱོན་ཌི་མཆོག་དང་ལྷན་དུ་ཁོང་གི་ནང་མི་ལྔ་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ཕེབས་པའི་སྐབས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ནས་ཁོང་རྣམ་པར་དམིགས་བསལ་འཚམས་འདྲི་ཞུས་ཡོད་ལ། ཁོང་རྣམ་པ་གྲོས་ཚོགས་ཀྱི་ཚོགས་ཁང་དུ་གདན་ཞུས་ཀྱིས་སྤྱི་ལྷན་ངོ་སྤྲོད་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས། སྤྱིར་བོད་མིའི་འཐབ་རྩོད་ཀྱི་གནས་བབ་སོགས་ལ་ཕན་ཚུན་བགྲོ་གླེང་གནང་ཡོད། དཔལ་ལྡན་ཚོགས་གཙོ་མཆོག་ནས་ཁོང་རྣམ་པར་སྤྱི་ལྷན་གྱི་དྲན་རྟེན་ཕྱག་རྟགས་ཕུལ་ཞིང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་མ་འོངས་པར་མུ་མཐུད་དེ་སྤྱི་ལྷན་ལ་འབྲེལ་ལམ་གྱིས་ལས་དོན་ཐོག་མཐུན་འགྱུར་དང་། བོད་དོན་རྒྱབ་སྐྱོར་གང་ཅི་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད། ལྕམ་སྐུ་མ་ཌུ་རི་སཱོན་ཌི་མཆོག་ནི་སྐུ་གཤེགས་ཨེམ་ཨེལ་སཱོན་ཌི་མཆོག་གི་སྐུ་ཟླ་ཡིན་པ་དང་། ད་ཆ་འདས་པོ་ཁོང་གི་མཚན་ཐོག་ཤར་གླིང་ཨེ་ཤ་ཡེའི་ཞི་མཐུན་གྱི་ལས་དོན་( Director, M.L. Sondi Institute for Asia Pacifice Affairs) ཞེས་པའི་ཚོགས་པའི་འགན་འཛིན་གནང་བཞིན་པ་རེད་འདུག

མཁས་དབང་ཨེམ་ཨེལ་སཱོན་ཌི་མཆོག་ནི་རྒྱལ་སྤྱི་རྒྱལ་ནང་གི་ཆབ་སྲིད་ལ་མཁྱེན་རྒྱ་ཆེ་བ་དང་། ཁྱད་པར་བོད་དོན་ཐོག་རིང་མོ་ཞིག་ནས་ཐུགས་སྣང་དང་མཁྱེན་རྟོགས་བཟང་ལ་བོད་དང་བོད་མིར་རྒྱབ་སྐྱོར་རྒྱུན་སྐྱོང་གནང་མཁན་ཞིག་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡིད་སྨོན་དང་གུས་བརྩི་ཆེན་པོ་གནང་མཁན་གྱི་བོད་པའི་གྲོགས་པོ་ཞིག་ཡིན་པ་རེད།