ལི་ཐུ་ཝི་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུ་ན་སེ་ ཝ་ལིན་སི་ཀ་སེ་ (Arunas Valinskas) མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༩ ཉིན་ཕྱི་དྲོ་ཆུ་ཚོད་ ༤།༠༠ ཐོག་ལི་ཐུ་ཝི་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུ་ན་སེ་ ཝ་ལིན་སི་ཀ་སེ་ (Arunas Valinskas) མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ་དང་། སྐབས་དེར་པལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པས་རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་གནང་ཡོད།

དེ་ཡང་མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བསྒྲུབ་བྱ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས། ལྷག་པར་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གཉིས་པ་དེ་བཞིན་ལི་ཐུ་ཝི་ན་ཡའི་རྒྱལ་ཁབ་ནང་ཚོགས་པའི་སྐོར། ད་ལྟའི་རྒྱ་ནག་དམར་གཞུང་འོག་བོད་ནང་བྱིས་པ་རྣམས་བཙན་ཤེད་ཐོག་རྒྱའི་བཅའ་སྡོད་སློབ་གྲྭར་སློབ་འཇུག་བྱེད་བཅུག་སྟེ་བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་དང་། བོད་མིའི་རིགས་རྫས་ (DNA) བསྡུ་ལེན་སོགས་བོད་ནང་གི་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སོགས་ཀྱི་ཐོག་ངོ་སྤྲོད་གནང་རྗེས། ལི་ཐུ་ཝི་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུ་ན་སེ་ ཝ་ལིན་སི་ཀ་སེ་མཆོག་གིས་ཁོང་ཉིད་བཞུགས་སྒར་རྡ་སར་ཕེབས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་དངོས་སུ་མཇལ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། བོད་ཀྱི་གནད་དོན་དེ་བཞིན་ཁོང་གི་ངོས་ནས་གལ་ཆེར་བརྩིས་བཞིན་ཡོད་གནས་སོགས་གསུངས་གནང་སོང་།

དེ་རྗེས། བོད་མི་མང་སྤྱི་འཐུས་རྣམས་དང་ལྷན་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སོགས་ཀྱི་ཐོག་བཀའ་བསྡུར་ལྷུགས་པོ་གནང་ཡོད་པ་བཅས།