ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་ཚོགས་ཆེན་འདུ་ཁང་ཆེ་གྲས་ཤིག་ལ་མེ་སྐྱོན་བྱུང་ནས། རྟེན་དང་བརྟེན་པ་བཅས་ལ་གནོད་སྐྱོན་ཚབས་ཆེ་བྱུང་ཡོད་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐུགས་གསོ།

ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་ནི་༸རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གིས།  ཕྱི་ལོ་ ༡༥༨༠ ལྕགས་ཕོ་འབྲུག་གི་ལོར་ཐོག་མར་ཕྱག་བཏབ་ཅིང།  གཞུང་དགའ་ལྡན་ཕོ་བྲང་གིས་བོད་ས་དབུས་ཁུལ་ནས་རྡོ་བཟོ་དང་ཤིང་བཟོ་སོགས་བཟོ་རིགས་མཁས་པའི་མི་སྣ་ཆེད་གཏོང་དང་འབྲེལ་ལེགས་པར་བཞེངས་བསྐྲུན་གནང།  དགོན་ཆེན་གྱི་མཁན་རབས་དང་པོ་༸རྒྱལ་མཆོག་བསོད་ནམས་རྒྱ་མཚོ་མཆོག་ནས་བཟུང་ད་ལྟའི་བར་མཁན་རབས་དགུ་བཅུ་ལྷག་ཙམ་ཕེབས་ཡོད་པ་དང།  ད་དུང་ཁུལ་དེར་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་དང་བཅུ་པ་ ཚུལ་ཁྲིམས་རྒྱ་མཚོ་མཆོག་བཅས་བླ་མ་སྐྱེས་ཆེན་དམ་པ་མང་པོ་འཁྲུངས་པའི་དྲིན་ལ་བརྟེན་ནས།  ཁམས་ཕྱོགས་སུ་དགེ་ལྡན་པའི་དགོན་པ་ཆེ་ཤོས་ཤིག་ཆགས་ཡོད།  བོད་དུ་དུས་འགྱུར་སྐབས་དགོན་གནས་དེར་གཏོར་བཤིག་ཚབས་ཆེན་ཕོག་ཡོད་རུང།  ཕྱིས་སུ་དགོན་པ་གསར་བཞེངས་ཀྱིས་ད་ལྟའི་སྐབས་མཚན་ཉིད་གྲྭ་ཚང་དང་སྒྲུབ་གྲྭ་ སོགས་སློབ་གཉེར་བྱ་སའི་བསྟི་གནས་ལེགས་པོ་ཞིག་ཆགས་ཡོད་པ་ཡོངས་གྲགས་ཡིན།

སྟབས་མ་ལེགས་པ་ཞིག་ལ།  ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༦ ཉིན་བོད་ནང་གི་དགོང་མོའི་ཆུ་ཚོད་ ༩།༣༠ ཐོག་གློ་བུར་དུ།  བྱམས་ཆེན་ཆོས་འཁོར་གླིང་གི་ཚོགས་ཆེན་འདུ་ཁང་ཆེ་གྲས་ཤིག་ལ་མེ་སྐྱོན་བྱུང་ ནས།  རྟེན་དང་བརྟེན་པ་བཅས་ལ་གནོད་སྐྱོན་ཚབས་ཆེ་ཕོག་པར་བོད་མི་སྤྱི་དང།  ལྷག་དོན་དགོན་གནས་དེ་དང་འབྲེལ་ཆགས་ལི་ཐང་བའི་ལྷ་སྡེ་མི་སྡེ་ཡོངས་ལ་བཟོད་དུ་ མེད་པའི་སེམས་ཀྱི་ངལ་བ་བྱུང་ཡོད།    དགོན་གནས་རྩ་ཆེན་དེ་ལྟ་བུར་གློ་བུར་གོད་ཆག་བྱུང་ཡོད་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་འཚབ་ཆེན་པོའི་ངང་དགོན་གནས་དེ་དང་འབྲེལ་ཆགས་ལི་ཐང་བའི་སེར་སྐྱ་མི་མང་ཡོངས་ལ་སྙིང་ནས་ཐུགས་གསོ་ཞུ་རྒྱུ་མ་ཟད།  སྔར་བཞིན་བཤད་སྒྲུབ་ཀྱི་བསྟི་གནས་དང།  སྐྱེ་འགྲོའི་བསོད་ནམས་ཀྱི་དཔལ་དམ་པར་སྔར་སོར་སླར་གསོ་འཕྲལ་མྱུར་ཡོང་བའི་རེ་ སྨོན་ཞུ་རྒྱུ་བཅས།         བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༩ ལ།།