ལས་འཆར་ཚོགས་ཆུང་གི་སྙན་ཐོའི་ཟུར་འཛར་དང་པོ།

ཟུར་འཛར་དང་པོ།

བཅའ་ཁྲིམས་བསྐྱར་བཅོས་ཞུ་ཕྱོགས་ཐད།
ད་ལྟའི་བཅའ་ཁྲིམས་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་དང་རྗེས་སུ་འབྲེལ་བའི་དོན་ཚན་ ༣༩ ཡོད་པ་རྣམས་ཀྱི་ནང་ནས་གལ་གནད་ཆེ་ཤོས་དོན་ཚན་ ༡༩ པ་ཡིན་པ་དེ་དག་བསྐྱར་བཅོས་ཀྱིས་གཞུང་གི་འགན་འཛིན་དབང་ཆ་བཀའ་བློན་ཁྲི་པར་ཡོད་ཅིང༌། བཀའ་བློན་ཁྲི་པས་བཅའ་ཁྲིམས་འདིའི་དོན་ཚན་ཁག་གཞིར་བཟུང་ཐད་ཀར་རམ་གཤམ་འོག་འགན་ཁུར་སྲི་ཞུ་བ་བརྒྱུད་དབང་ལུང་ཁྱབ་བསྒྱུར་བྱ་རྒྱུ། ཁྱད་པར་བཀའ་བློན་ཁྲི་པས་འཛིན་སྐྱོང་འགན་འཛིན་གྱི་འགན་དབང་ཐོག་ནས།
༡༽ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་འཆར་གཞི་དང་སྒྲིག་གཞི་ཁག་ལ་མོས་མཐུན་དང་གསལ་བསྒྲགས།
༢༽ བྱས་རྗེས་གཟེངས་རྟགས་དང༌། གོ་མིང་བདག་རྐྱེན།
༣༽ དགོས་གལ་ནམ་བྱུང་ལ་སྤྱི་འཐུས་ལྷན་ཚོགས་སུ་ལས་དོན་སྙན་ཞུ་དང༌། གཏམ་བཤད། གསལ་བཤད་བྱ་རྒྱུ་བཅས་ལས། དེ་འཕྲོས་ཁྲིམས་ཀྱི་ནུས་ཤུགས་ལྡན་པའི་ཁྲིམས་ཡིག་དང༌། བཀའ་རྩ་ཁྱབ་བསྒྲགས། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་འགྱངས་དང༌། གྲོལ་བ། བསྡུ་བསྐོང༌། སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་དང་ལས་དོན་བར་མཚམས་འཇོག་པ། བཀའ་ཤག་དང་བཀའ་བློན་སུ་རུང་འཕོ་འགྱུར། ཛ་དྲག་དང་གལ་ཆེའི་དམིགས་བསལ་ཚོགས་འདུ་བསྡུ་བསྐོང༌། དོན་གནད་གལ་ཆེ་འགའ་རེའི་སྐོར་ལ་བཅའ་ཁྲིམས་གཞི་བཟུང་མང་མོས་ཐག་གཅོད་འོས་བསྡུ་བྱེད་འཐུས་ཀྱི་བཀའ་རྩ་ཁྱབ་བསྒྲགས་བསྩལ་རྒྱུ་བཅས་ཕྱིར་བསྡུ་བྱ་རྒྱུ།
དོན་ཚན་ ༢༠ དང༌། ༢༡ ༢༢ བཅས་ཀྱི་ཚིག་བརྗོད་ཕྲན་བུའི་བསྐྱར་བཅོས།
དོན་ཚན་ ༢༥ པའི་ནང་གསལ་བཀའ་བློན་རྣམས་ཀྱི་དམ་འབུལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་བྱ་རྒྱུ།
དོན་ཚན་ ༢༨ པ་ཕྱིར་བསྡུ།
དོན་ཚན་ ༢༩ དང་ ༣༠ པའི་ཚིག་བརྗོད་ཕྲན་བུ་བསྐྱར་བཅོས།
དོན་ཚན་ ༣༡ ནས་ ༣༥ བར་སྡེ་སྲིད་ལྷན་ཚོགས་ཀྱི་ཆ་རྐྱེན་རྣམས་ཕྱིར་བསྡུ།
དོན་ཚན་ ༣༦ པ་ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་པ་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཆོག་མཆན་ཞུ་དགོས་ཞེས་པའི་ཚབ་ཏུ། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་པ་ལ་བཀའ་བློན་ཁྲི་པའི་མོས་མཐུན་མིང་རྟགས་འགོད་དགོས་ཞེས་པར་བསྒྱུར་རྒྱུ།
དོན་ཚན་ ༣༧ པ་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནང་ ག༽ ཐད་བསྐོས་སྤྱི་འཐུས་ཀྱི་ཆ་རྐྱེན་ཕྱིར་བསྡུ་བྱ་རྒྱུ།
དོན་ཚན་ ༤༠ པ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཚོགས་ཚེས་དང་དུས་ཡུན་ས་གནས་བཅས་ཚོགས་གཙོ་དང་སྤྱི་འཐུས་རྒྱུན་ལས་ནས་འཆར་འབུལ་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གཏན་འབེབས་མཛད་པ་ལྟར་ཞེས་པའི་ཚབ་ཏུ། སྤྱི་འཐུས་རྒྱུན་ལས་ནས་འཆར་འབུལ་ལ་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་འབེབས་ཞེས་པར་བསྒྱུར་རྒྱུ།
དོན་ཚན་ ༤༡ པའི་ནང་གསེས་ ༡༽ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དགོས་གལ་ནམ་གཟིགས་སམ་ཞེས་པའི་ཚབ་ཏུ། བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་རྒྱུན་ལས་བཅས་སོ་སོའི་ཚོགས་མི་བརྒྱ་ཆ་ལྔ་བཅུ་ཡན་གྱི་ཞུ་སྐུལ་བྱུང་ན་ཚོགས་གཙོ་ལྷན་རྒྱས་ཀྱིས་ཚོགས་འདུ་འཕར་མ་བསྡུ་བསྐོང་བྱ་འཐུས་ཞེས་པར་བསྒྱུར་རྒྱུ་དང༌། དེའི་ནང་གསེས་གཉིས་པ་ཕྱིར་བསྡུ།
དོན་ཚན་ ༤༣ པ་ཕྱིར་བསྡུ།
དོན་ཚན་ ༤༥ པ་ནང་གསེས་ ༢༽ ཚོགས་གཙོ་བགྲེས་གཞོན་གྱི་དམ་འབུལ་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པ་གཞན་གང་རུང་གི་མདུན་འབུལ་རྒྱུ།
དོན་ཚན་ ༤༩ ནང་གསེས་ ༢༽ པ་ཕྱིར་བསྡུ།
དོན་ཚན་ ༥༢ ནང་གསེས་ ༢༽ པའི་ ཀ༽ པ་ཕྱིར་བསྡུ་དགོས་མིན་གཟིགས་ཞིབ་གནང་རྒྱུ།
དོན་ཚན་ ༥༤ པའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྙན་གསན་ཞུ་དགོས་ཀྱི་དོན་གནད་བྱུང་ན་ཞེས་པའི་ཚབ་ཏུ། བཀའ་བློན་ཁྲི་པར་གོ་བསྡུར་བྱ་དགོས་ཀྱི་དོན་གནད་བྱུང་ན་ཞེས་པར་བསྒྱུར་རྒྱུ།
དོན་ཚན་ ༥༥ པ་ཁྲིམས་ལུགས་དང་སྒྲིག་གཞི་རྣམས་ཀྱི་འཆར་ཟིན་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཟིན་འཕྲལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཞེས་སོགས་ཀྱི་ཚབ་ཏུ། ཁྲིམས་ལུགས་དང་སྒྲིག་གཞི་རྣམས་ཀྱི་འཆར་ཟིན་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཟིན་འཕྲལ་བཀའ་བློན་ཁྲི་པར་མོས་མཐུན་མིང་རྟགས་འགོད་རྒྱུར་ཕུལ་རྗེས་ལས་ཉིན་བཅུ་བཞིའི་ནང་ཚུད་བཀའ་བློན་ཁྲི་པའི་མིང་རྟགས་བྱུང་ཚེ་ཁྲིམས་ཡིག་ཏུ་རྩ་འཛིན་བྱ་རྒྱུ། ཡང་ན་དུས་ཡུན་དེའི་ནང་བཀའ་བློན་ཁྲི་པས་རང་གི་བསམ་འཆར་དང་བཅས་སྤྱི་འཐུས་ལྷན་ཚོགས་ལ་བསྐྱར་དུ་བསམ་ཞིབ་ཆེད་ཕྱིར་སློག་བྱ་འཐུས། སྤྱི་འཐུས་ལྷན་ཚོགས་ནས་བཀའ་ཁྲིའི་བསམ་འཆར་ལ་བསམ་ཞིབ་ཀྱིས་བསྐྱར་དུ་གཏན་འབེབས་ཇི་བྱས་ལ་བཀའ་བློན་ཁྲི་པས་མོས་མཐུན་མིང་རྟགས་འགོད་དགོས་ཞེས་པར་བསྒྱུར་རྒྱུ། དོན་ཚན་དེའི་ནང་གསེས་ ༢༽ དང་ ༣༽ ཕྱིར་བསྡུ།
དོན་ཚན་ ༥༦ པ་ཕྱིར་བསྡུ།
དོན་ཚན་ ༥༧ པ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཀའ་ཤག་དང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཞེས་སོགས་ཀྱི་ཚབ་ཏུ། བཀའ་བློན་ཁྲི་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་དང༌། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་བཅས་ལ་གོ་བསྡུར་གྱིས་སྤྱི་མོས་བྱུང་ན་སྤྱི་འཐུས་ལྷན་ཚོགས་གནས་སྐབས་རིང་ལས་དོན་བར་མཚམས་འཇོག་པའམ་འཕོ་འགྱུར་བྱ་འཐུས་ཞེས་པར་བསྒྱུར་རྒྱུའམ། ཡང་ན་དོན་ཚན་འདི་ཕྱིར་བསྡུ་བྱ་རྒྱུ་ཇི་འགབ་དགོངས་བཞེས་གནང་རྒྱུ།
དོན་ཚན་ ༥༩ པ་རྒྱ་ཆེའི་མང་ཚོགས་ཀྱི་བསམ་གྲོས་བསྡུར་དགོས་ཀྱི་གནས་ཚུལ་བྱུང་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཀའ་ཁྱབ་བསྩལ་བའམ་ཞེས་སོགས་ཀྱི་ཚབ་ཏུ། བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་བཅས་གྲོས་བསྡུར་གྱིས་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་བྱ་འཐུས་ཞེས་པར་བསྒྱུར་རྒྱུ།
དོན་ཚན་ ༦༣ པ་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་འོས་འཛུགས་གནང་བར་སྤྱི་འཐུས་ལྷན་ཚོགས་ཞེས་སོགས་ཀྱི་ཚབ་ཏུ། འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ་ཞེས་པར་བསྒྱུར་རྒྱུ།
དེ་བཞིན་ནང་གསེས་ ༣༽ པ་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་གཞན་གཉིས་བཅས་བསྐོ་གཞག་ཞེས་སོགས་ཀྱི་ཚབ་ཏུ། ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་འོས་ཐོན་བྱུང་འཕྲལ་ལས་ཁུར་དུ་མ་ཞུགས་གོང་ཁྲིམས་ཞིབ་པ་ཆེ་བ་གོང་མའམ་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀྱི་མདུན་དུ་ཁྲིམས་ལུགས་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་ཁུར་དམ་བཅའམ་ཁས་ལེན་བྱ་དགོས། ཁྲིམས་ཞིབ་པ་གཞན་གཉིས་འོས་ཐོན་བྱུང་འཕྲལ་ཁྲིམས་ཞིབ་པ་ཆེ་བའི་མདུན་ལས་ཁུར་དམ་བཅའམ་ཁས་ལེན་བྱ་དགོས་ཞེས་པར་བསྒྱུར་རྒྱུ།
ནང་གསེས་ ༤༽ པ་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཆོག་མཆན་བསྩལ་ཐོན་གྱིས་འཕོ་འགྱུར་བྱ་དགོས་བྱུང་ན་ལས་ཞེས་པའི་ཚབ་ཏུ། ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་ལ་བཀའ་བློན་ཁྲི་པའི་མོས་མཐུན་མིང་རྟགས་བཀོད་དེ་འཕོ་འགྱུར་བྱ་དགོས་བྱུང་ན་ལས་ཞེས་པར་བསྒྱུར་རྒྱུ།
དོན་ཚན་ ༦༧ པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། སྒྲིག་གཞི་ྋགོང་ས་མཆོག་གི་བཀའ་འཁྲོལ་དང་འབྲེལ་གཏན་འབེབས་ལྟར་ལ་ལག་ལེན་བསྟར་རྒྱུ་ཞེས་པའི་ཚབ་ཏུ། ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། འགྲོ་ལུགས་སྒྲིག་གཞི་བཅས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱིས་བཟོ་འགོད་གཏན་འབེབས་ལ་བཀའ་བློན་ཁྲི་པས་མོས་མཐུན་ལྟར་རྩ་འཛིན་ལག་བསྟར་བྱ་རྒྱུ་ཞེས་པར་བསྒྱུར་རྒྱུ།
དོན་ཚན་ ༦༨ ཕྱིར་བསྡུ།
དོན་ཚན་ ༩༧ པ་འོས་བསྡུ་ལས་ཁང་གི་འགན་འཛིན་བསྐོ་ཕྱོགས་སྐོར་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཞེས་སོགས་ཀྱི་ཚབ་ཏུ། ཉིས་ལྡབ་ལས་མ་ཉུང་བ་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུས་ཀྱིས་མང་མོས་སུ་ལ་ཐོབ་པ་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་འོས་ཐཽན་བྱུང་བར་ངོས་འཛིན་བྱ་རྒྱུ་ཞེས་པར་བསྒྱུར་རྒྱུ།
དེ་བཞིན་ནང་གསེས་ ༢༽ པར་འོས་བསྡུ་འགན་འཛིན་ལས་འཕར་གཉིས་དགོས་པ་ཞེས་སོགས་ཀྱི་ཚབ་ཏུ། ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བ་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུས་ཀྱིས་མང་མོས་སུ་ཐོབ་ལ་འོས་བསྡུ་འགན་འཛིན་ལས་འཕར་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། ཡང་ན་ཚོགས་ཆུང་དེས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། རྩིས་ཞིབ་སྤྱི་ཁྱབ་གཉིས་ལ་ཞོར་ལྕོགས་སུ་རྒྱབ་གཉེར་གནང་ན་སྤྱི་འཐུས་ལྷན་ཚོགས་སུ་མང་མོས་ཐག་གཅོད་བྱུང་ཚེ་དེ་དོན་བྱ་འཐུས་ཞེས་པར་བསྒྱུར་རྒྱུ།
ནང་གསེས་ ༤༽ དང་ ༥༽ ནང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་ྋགོང་ས་ཆེན་པོར་བཀའ་འཁྲོལ་ཞུས་ཏེ་ལག་ལེན་བསྟར་རྒྱུ་ཞེས་པའི་ཚབ་ཏུ། སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ལྟར་ལག་ལེན་བསྟར་རྒྱུ་ཞེས་པར་བསྒྱུར་རྒྱུ།
དོན་ཚན་ ༩༩ པ་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་འཕོ་འགྱུར་གཏོང་དགོས་པའི་གྲོས་ཆོད་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཆོག་མཆན་བསྩལ་ཐོབ་ཀྱིས་འཕོ་འགྱུར་བྱུང་ན་ལས་ཞེས་པའི་ཚབ་ཏུ། སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་འཕོ་འགྱུར་གཏོང་དགོས་པའི་གྲོས་ཆོད་ལ་བཀའ་བློན་ཁྲི་པས་མོས་མཐུན་བྱུང་སྟེ་འཕོ་འགྱུར་བྱ་དགོས་བྱུང་ན་ལས་ཞེས་པར་བསྒྱུར་རྒྱུ།
དོན་ཚན་ ༡༠༡ འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མི་རྣམས་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བ་འོས་འཆར་ཕུལ་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བསྐོ་གཞག་གནང་རྒྱུ་ཞེས་སོགས་ཀྱི་ཚབ་ཏུ། དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བ་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུས་ཀྱིས་མང་མོས་སུ་ཐོབ་ལ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ་ཞེས་པར་བསྒྱུར་རྒྱུ།
དོན་ཚན་ ༡༠༣ པ་འདེམས་བསྐོ་ལྷན་ཁང་གི་ལས་དོན་བྱེད་ཕྱོགས་སྒྲིག་གཞི་ཞིབ་འགོད་ཀྱིས་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་རྗེས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྙན་ཞུས་ཀྱིས་ཆོག་མཆན་བསྩལ་ཐོན་བྱུང་བ་གཞིར་བཟུང་ལག་ལེན་བསྟར་རྒྱུ་ཞེས་པའི་ཚབ་ཏུ། སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱུང་བ་གཞིར་བཟུང་ལག་ལེན་བསྟར་རྒྱུ་ཞེས་པར་བསྒྱུུར་རྒྱུ།
དོན་ཚན་ ༡༠༥ ནང་གསེས་ ༢༽ པ་ྋགོང་ས་ཆེན་པོར་བཀའ་འཁྲོལ་ཆོག་མཆན་ཞུས་ཏེ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། ཚོགས་མི་གང་རུང་ངམ། ཆ་ཚང་འཕོ་འགྱུར་བྱས་ཆོག་ཅེས་པའི་ཚབ་ཏུ། སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཀྱི་མོས་མཐུན་ཐོག་བཀའ་ཤག་དང་གོ་བསྡུར་གྱིས་མོས་མཐུན་བྱུང་ན་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། ཚོགས་མི་གང་རུང་ངམ། ཆ་ཚང་འཕོ་འགྱུར་བྱེད་ཆོག་ཅེས་པར་བསྒྱུར་རྒྱུ།
དོན་ཚན་ ༡༠༧ པ་རྩིས་ཞིབ་ལས་ཁང་གི་འགན་འཛིན་འོས་འཆར་ཕུལ་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཞེས་པའི་ཚབ་ཏུ། དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བ་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུས་ཀྱིས་མང་མོས་སུ་ཐོབ་ལ་རྩིས་ཞིབ་འགན་འཛིན་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ་ཞེས་པར་བསྒྱུར་རྒྱུ།
དེ་བཞིན་ནང་གསེས་ ༢༽ པར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་མདུན་དུ་དམ་བཅའམ། ཁས་ལེན་ཞུ་དགོས་ཞེས་པའི་ཚབ་ཏུ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་བཅའམ་ཁས་ལེན་བྱ་དགོས་ཞེས་པར་བསྒྱུར་རྒྱུ།
དོན་ཚན་ ༡༠༨ ནང་གསེས་ ༢༽ པ་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཞིབ་གསལ་སྤྱི་འཐུས་ལྷན་ཁང་ནས་གཏན་འབེབས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྙན་སེང་ཆོག་མཆན་ཞུས་ཏེ་ལག་ལེན་བསྟར་རྒྱུ་ཞེས་པའི་ཚབ་ཏུ། སྤྱི་འཐུས་ལྷན་ཁང་ནས་གཏན་འབེབས་ལྟར་ལག་ལེན་བསྟར་རྒྱུ་ཞེས་པར་བསྒྱུར་རྒྱུ།
དོན་ཚན་ ༡༡༠ རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་གྱི་ལས་ཁུར་ཕྱིར་འཐེན་དགོས་པའི་གྲོས་ཆོད་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཆོག་མཆན་ཞུས་ཏེ་འཕོ་འགྱུར་བྱ་དགོས་བྱུང་ན་ཞེས་པའི་ཚབ་ཏུ། ལས་ཁུར་ཕྱིར་འཐེན་དགོས་པའི་གྲོས་ཆོད་ལ་བཀའ་ཤག་དང་གོ་བསྡུར་གྱིས་མོས་མཐུན་བྱུང་སྟེ་འཕོ་འགྱུར་བྱ་དགོས་བྱུང་ན་ཞེས་པར་བསྒྱུར་རྒྱུ།
དོན་ཚན་ ༡༡༡ ནང་གསེས་ ༡༽ དང་ ༢༽ པའི་ནང་མོས་མཐུན་གཏན་འབེབས་བྱས་པའི་ཁྲིམས་ཡིག་འཆར་ཟིན་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཆོག་མཆན་གནང་བའི་ཁྲིམས་ལུགས་ཀྱི་སྒོ་ནས་བསྐྱར་བཅོས་ཆོག་རྒྱུ་ཞེས་པའི་ཚབ་ཏུ། གཏན་འབེབས་བྱས་པའི་ཁྲིམས་འཆར་ལ་བཀའ་བློན་ཁྲི་པའི་མོས་མཐུན་མིང་རྟགས་བཀོད་པའི་ཁྲིམས་ལུགས་ཀྱི་སྒོ་ནས་བསྐྱར་བཅོས་ཆོག་ཅེས་པར་བསྒྱུར་རྒྱུ།
དོན་ཚན་ ༡༡༢ ྋགོང་ས་ྋསྐྱབས་མགོན་ཆེན་པོས་དགོས་གལ་གཟིགས་ཚེ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་ཡིག་འཆར་ཟིན་ཞེས་སོགས་ཀྱི་ཚབ་ཏུ། བཅའ་ཁྲིམས་བསྐྱར་བཅོས་སམ་དེ་མིན་མི་རིགས་ཀྱི་རྩ་དོན་དང་འབྲེལ་བའི་གལ་ཆེའི་སྲིད་བྱུས་གཏན་འབེབས་ཆེད་སྤྱི་འཐུས་ལྷན་ཚོགས་སུ་མང་མོས་ཐག་གཅོད་བྱུང་ན་འོས་བསྡུ་ལས་ཁང་བརྒྱུད་མང་ཚོགས་སུ་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་བརྩམ་ཆོག་ཅིང༌། མང་མོས་ཇི་བྱུང་ལྟར་ཐག་གཅོད་རྩ་འཛིན་དགོས་ཞེས་པར་བསྒྱུར་རྒྱུ།