ལས་འགུལ་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ནང་མི་རྣམས་ཀྱིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་མཇལ་འཕྲད་ཞུས་པ།

img_5502

༄༅། །བོད་ཀྱི་རྩ་དོན་ཐོག་ལས་འགུལ་སྤེལ་གནང་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཕྱི་ལོ་ ༢༠༡༣ ནང་རྒྱ་གར་ནས་བོད་བར་ཞི་བའི་གོམ་བགྲོད་ལས་འགུལ་ཐེངས་ ༢ སྤེལ་པའི་སྐབས། རྗེས་མར་ཕྱི་ལོ་ ༢༠༡༣ ཟླ་ ༦ པའི་ནང་རྒྱ་གར་ནུབ་བྷང་གལ་མངའ་སྡེའི་ས་ཚུགས་ནས་གར་སོང་ཆ་མེད་ཀྱིས་ད་བར་རྙེད་ཐུབ་མེད། ད་ལམ་ཁོང་གི་སྐུ་ཟླ་ Yael Pfeffer ལགས་དང་། ཕྲུ་གུ་གཉིས་ Erel དང་ Tamar ལགས་བཅས་ཨི་སི་རལ་ནས་རྡ་སར་ཕེབས་ཡོད་པ་ལྟར། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྤུན་མཆེད་བུ་མོ་ལྷ་མོ་སྐྱིད་ལགས་བཅས་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་མཇལ་འཕྲད་ཞུས་ཡོད་ཅིང་། དཔལ་ལྡན་ཚོགས་གཙོ་མཆོག་ནས་ཁོང་རྣམས་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་དམིགས་ཡུལ་དང་སེམས་ཤུགས་ཆེན་པོ་ཡིན་དུས་ཁོང་འཚོ་གནས་ཡོད་པར་ཡིད་ཆེས་གནང་གི་ཡོད་པ་དང་། ལྕམ་ Yael Pfeffer ཉིད་ཀྱི་ཐུགས་ཁྲལ་གནང་མི་དགོས། གཙོ་བོ་ཉིད་ཀྱིས་ཕྲུ་གུ་གཉིས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་ཐད་དོ་སྣང་གནང་དགོས་རྒྱུ་གལ་ཆེན་པོ་རེད། མི་རིང་བར་ནང་མི་ལྷན་འཛོམས་ཡོང་ངེས་པ་དང་། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གར་ཡོད་གནས་སྟངས་ཐད་བོད་མིའི་སྒྲིག་འཛུགས་སོགས་ནས་དོ་སྣང་གནང་གི་ཡོད་གནས་བཅས་ཀྱི་འགྲེལ་བརྗོད་གནང་ཡོད། དེ་ནས་ཁོང་གི་ནང་མི་རྣམས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ལ་གཟིགས་བསྐོར་གནང་ཡོད་པ་བཅས།།