རྣམ་རྒྱལ་ཁྱུ་གསར་ལགས་དང་དགེ་བཤེས་རྔ་བ་གངས་རི་ལགས་རྣམ་གཉིས་ནས་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་དམ་འབུལ་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༨ ཉིན་བོད་མི་མང་དབུས་གཙང་སྤྱི་འཐུས་དང་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། བོད་མི་མང་མདོ་སྨད་སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་རྣམ་གཉིས་ནས་སྐབས་ ༡༦ པའི་སྤྱི་འཐུས་ནས་རྩ་དགོངས་ཞུས་མཚམས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པ། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་ཞེས་པའི་ནང་གསེས་ ༢ པའི་དགོངས་དོན་ལྟར། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༡༦ ལོའི་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་དབུས་གཙང་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་བང་རིམ་དང་པོ་རྣམ་རྒྱལ་ཁྱུ་གསར་ལགས་དང་། མདོ་སྨད་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་བང་རིམ་དང་པོ་དགེ་བཤེས་རྔ་བ་གངས་རི་ལགས་རྣམ་གཉིས་ནས་ཚོགས་དྲུང་ལས་ཁུངས་སུ་ལས་འཁུར་དམ་འབུལ་ཞུ་སྒོ་འབྲེལ་གཏུགས་དགོས་པའི་བརྡ་ཐོ་བཏང་བ་བཞིན། ཕྱི་ཟླ་ ༤ ཚེས་ ༡༤ ཉིན་གྲོས་ཚོགས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་མདུན་དུ་རྣམ་རྒྱལ་ཁྱུ་གསར་ལགས་དང་། དགེ་བཤེས་རྔ་བ་གངས་རི་ལགས་རྣམ་གཉིས་ནས་སྤྱི་འཐུས་ལས་འཁུར་དམ་འབུལ་ཞུས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་གྲོས་ཚོགས་རྭ་བར་ལྷན་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཞོན་མཆོག་གིས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་དྲུང་དུ་གུས་ཕྱག་དང་མཇལ་དར་སྒྲོན་འབུལ་ཞུས་ཡོད་པ་དང་། དེ་རྗེས་བདམས་ཐོན་སྤྱི་འཐུས་རྣམ་རྒྱལ་ཁྱུ་གསར་ལགས་དང་། དགེ་བཤེས་རྔ་བ་གངས་རི་ལགས་གཉིས་ནས་ཀྱང་དེ་མཚུངས་ཞུས་གྲུབ་མཚམས་དཔལ་ལྡན་ཚོགས་གཞོན་མཆོག་གི་མདུན་ནས་ལས་ཁུར་དམ་འབུལ་ཞུས་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པའི་ཚབ་ཞུས་ཏེ་གསར་དུ་དམ་འབུལ་ཞུས་པའི་སྤྱི་འཐུས་རྣམ་པར་འཚམས་འདྲི་ཞུས་གནང་བ་དང་སྦྲགས། གསུང་དོན། རྩ་བའི་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་ལས་ཡུན་ཁྱུར་ལ་ཉེ་བ་ཡིན་པ་དང་། དུས་ཚོད་ཐུང་ཐུང་མ་གཏོགས་ལྷག་མེད་ཀྱང་རྣམ་པ་ཚོ་དང་ལྷན་སྐབས་བཅུ་དྲུག་པའི་སྤྱི་འཐུས་ལྷན་ཚོགས་ནང་ཕྱག་ལས་གནང་རྒྱུའི་གོ་སྐབས་བཟང་པོ་ཐོབ་པར་དགའ་སྤོབས་ཆེན་པོ་བྱུང་ཞེས་དང་། ངས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་ལས་ཡུན་མཇུག་བསྒྲིལ་ཏེ་སྐབས་བཅུ་བདུན་པར་རྩིས་སྤྲོད་ཡག་པོ་ཡོང་བའི་ཡིད་ཆེས་དང་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་དང་། ༧རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་མི་ཡོང་བ་བཟོ་རྒྱུ་ནི་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་རེད་ཅེས་གསུངས་གནང་སོང་།

དེ་ནས་ཚང་མར་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་རྗེས་དམ་འབུལ་མཛད་སྒོ་ལེགས་གྲུབ་གནང་ཡོད།

དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་སྤྱི་འཐུས་རྣམ་རྒྱལ་ཁྱུ་གསར་མཆོག་དང་། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་རྣམ་གཉིས་ལ་འཚམས་འདྲིའི་མཇལ་དར་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཚོགས་གཞོན་ལས་ཁུངས་སུ་དམ་འབུལ་ཟིན་པའི་སྤྱི་འཐུས་རྣམ་གཉིས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་བཅའ་ཁྲིམས་དང་། སྒྲིག་གཞིའི་དཔེ་དེབ་སོགས་འགྲེལ་བརྗོད་སྙིང་བསྡུས་དང་བཅས་ཕུལ་གནང་སོང་།

སྤྱི་འཐུས་རྣམ་རྒྱལ་ཁྱུ་གསར་མཆོག་ནི་ཕྱི་ལོ་ ༡༩༦༠ ཟླ་ ༡༠ ཚེས་ ༢ ཉིན་འཁྲུངས་ཤིང་། བོད་གཞུང་གཏན་ཉིན་སློབ་གྲྭ་ཁག་ནས་གཞི་རིམ་སློབ་གྲྭ་ཐོན་རྗེས། ཕྱི་ལོ་ ༡༩༨༧ ལོར་རྡ་ས་སྨན་རྩིས་མཐོ་སློབ་ཁང་ནས་སྨན་པ་དཀའ་བཅུ་པ་དང་། ཕྱི་ལོ་ ༡༩༩༧ ལོར་སྨན་པ་རབ་འབྱམས་པའི་ལག་ཁྱེར་ཐོབ། ཕྱི་ལོ་ ༡༩༨༧ ནས་ ༡༩༩༩ བར་ལོ་ ༡༢ རིང་སྨན་རྩིས་ཁང་དུ་ཐོག་མར་ཉམས་ཞིབ་པ་དང་། ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་གཞོན་པ་བྱས་རིང་ཤ་གསོས་དང་སྨན་ཇ་སོགས་གསོ་རིག་ཐོན་སྐྱེད་རིགས་དང་ནད་བཅོས་ཉམས་ཞིབ་ཀྱི་ལས་གཞི་ཁག་གསར་གཏོད་དང་སྨན་རྩིས་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས། ཕྱི་ལོ་ ༡༩༩༧ ལོར་བོད་ལུགས་གསོ་བ་རིག་པའི་ཟས་སྤྱོད་ལམ་སྟོན་གྱི་དེབ་ཅིག་ཕ་རན་སི་སྐད་ཡིག་ཐོག་བྲིས། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་འཆར་འོག “Where there is No Doctor” ཞེས་པ་དང་། “Handbook of Mental Health” ཅེས་པའི་དེབ་གཉིས་ཨིག་ཡིག་ནས་བོད་ཡིག་ཐོག་ཕབ་བསྒྱུར་ཞུས། ཕྱི་ལོ་ ༢༠༠༡ ལོར་རྡ་སར་སྒེར་གྱི་སྨན་ཁང་གསར་འཛུགས་བྱས་པ་ནས་བཟུང་ཕྱི་ནང་གི་ནད་པ་མང་པོར་གསོ་བཅོས་དང་ཉམ་ཐག་རྣམས་ལ་སྨན་སྦྱིན་འབུལ་བཞིན་པ་དང་། དེ་བཞིན་ནོར་གླིང་མཐོ་སློབ་ཁང་དུ་བོད་ཀྱི་གསོ་རིག་དགེ་རྒན་བྱེད་མུས་དང་། ཕྱི་ལོ་ ༢༠༠༤ ནས་ ༢༠༠༦ བར་ལོ་གསུམ་རིང་སྐབས་དང་པོའི་སྨན་པའི་ལྷན་ཚོགས་ཀྱི་དྲུང་ཆེ་གནང་། ཕྱི་ལོ་ ༢༠༠༨ ནས་ ༢༠༡༠ བར་ལོ་གཉིས་རིང་འཇར་མ་ནི་ས་ཁུལ་ཀྲུ་སྦིན་གྷེན་གཙུག་ལག་སློབ་གྲྭ་ (Tubingen University Hospital) ཞེས་པའི་སྨན་ཁང་དུ་ཕྱི་ལུགས་སྨན་གྱི་ཉམས་ཞིབ་སྨན་པ་ཁག་ཅིག་དང་ཟུང་འབྲེལ་ཐོག་སྙིང་གཟེར་ནད་པ་ ༥༢༤ ལ་བོད་ལུགས་དང་ནུབ་ལུགས་ཟས་སྤྱོད་ཀྱི་མཚུངས་བསྡུར་ཉམས་ཞིབ་བྱས་པར་བོད་ལུགས་ཟས་སྤྱོད་བསྟེན་མཁན་ནད་པ་རྣམས་ལ་ཕན་འབྲས་ཆེ་བ་བྱུང་རྗེས་ཕྱི་ལོ་ ༢༠༡༣ ལོར་རྒྱལ་སྤྱིའི་སྙིང་ཁམས་ཚན་རིག་གི་དུས་དེབ་ (International Journal of Cardiology) ནང་གཟེངས་སུ་ཐོན་པའི་གྲུབ་འབྲས་སྙན་ཐོ་ཐོན་ཡོད་པ་དང་། དེང་སྐབས་བོད་སྨན་ཐོག་ཞིབ་འཇུག་གི་ལས་འཆར་གསར་པ་ཁག་གི་འཆར་འགོད་བྱེད་བཞིན་ཡོད། ཕྱི་ལོ་ ༡༩༨༧ ལོ་ནས་ད་བར་ཕྱི་རྒྱལ་ཡུལ་གྲུ་ཁག་ ༡༩ ནང་རྒྱལ་སྤྱིའི་སྨན་དང་། ཨེ་ཤི་ཡའི་སྨན་གྱི་ཚོགས་ཆེན་སོགས་ལ་བཅར་ཏེ་བོད་ཀྱི་གསོ་རིག་སྐོར་གཏམ་བཤད་དང་དཔྱད་རྩོམ་རིགས་སྤེལ་ཡོད་པ་མ་ཟད། བོད་ལུགས་སྨན་པ་དང་། ཕྱི་ནང་གི་དོན་གཉེར་ཅན་མངཔོར་བོད་ཀྱི་གསོ་བ་རིག་པའི་སྐོར་ཟབ་སྦྱོང་ལན་མང་ཕུལ་མྱོང་ཡོད་པ་དང་། བོད་ཀྱི་གསོ་རིག་དང་འབྲེལ་བའི་བྱ་དགའ་དང་ཉམས་མྱོང་ཕྱག་ཁྱེར་མང་པོ་ཐོབ་མྱོང་ཡོད། གཞན་ཡང་མོན་གྷོ་འདོད་རྒུ་གླིང་གཏན་ཉིན་སློབ་གྲྭའི་ལྔ་བཅུའི་དུས་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་གནང་ཡོད་པ་སོགས་སྤྱི་ཚོགས་ཞབས་ཞུའི་ལས་ཀ་འདྲ་མིན་ནང་མཉམ་ཞུགས་བྱས་ཡོད་པའི་ལོ་རྒྱུས་སྙིང་བསྡུས་སུ།

སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་ནི་ཕྱི་ལོ་ ༡༩༨༢ ཟླ་ ༡༠ ཚེས་ ༢༢ ཉིན་འཁྲུངས་ཤིང་། ཕྱི་ལོ་ ༢༠༠༥ ནས་བཟུང་བོད་བསྟན་སྲིད་ཀྱི་ཆེད་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་གཞོན་དང་དྲུང་ཆེ། མོན་གྷོ་ས་གནས་གྲོས་ཚོགས་སོགས་ཀྱི་འགན་ཁུར་མང་པོ་ཞིག་ཁུར་ཡོད་པ་མ་ཟད། བོད་དོན་དྲིལ་བསྒྲགས་ཆེད་ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་རྒྱལ་ཡོངས་སུ་རྐང་འཁོར་སྐོར་སྐྱོད་དང་གོམ་བགྲོད། ཟས་བཅད་ངོ་རྒོལ་སོགས་ཀྱི་ལས་འགུལ་མང་པོ་ཞིག་གི་འགན་ཁུར་གཙོ་ཁུར་ཞུས་ཏེ་སྤེལ་ཡོད། ཕྱི་ལོ་ ༢༠༡༡ ལོར་དཔལ་ལྡན་འབྲས་སྤུངས་ནས་དགེ་བཤེས་དམ་བཅའ་བཞག ཡང་ཕྱི་ལོ་ ༢༠༡༠ ལོར་བཀའ་སྤྱི་གསར་འདེམས་སྐབས་ཀྱི་དགོས་བབ་དང་བསྟུན་བོད་མི་མང་སྤྱི་འཐུས་ཞེས་པའི་གསར་ཤོག་ཅིག་འདོན་སྤེལ་གྱིས་རྩོམ་སྒྲིག་དང་འགྲེམ་སྤེལ་གནང་ཡོད་ལ། སྔ་ཕྱིར་གསར་ཤོག་དང་དུས་དེབ། དྲ་ལམ་ཁག་ཏུའང་། སྤྱི་ཚོགས་དཔྱད་གླེང་དང་འབྲེལ་བའི་རྩོམ་ཡིག་མང་དག་ཅིག་སྤེལ་ཡོད། མོན་གྷོ་མདོ་སྨད་ས་གནས་རྒྱུན་ལས་ཚོགས་གཙོ་ནས་བཟུང་མདོ་སྨད་དབུས་རྒྱུན་སྐབས་བཅོ་ལྔ་པའི་རྒྱུན་ལས་དང་མཉམ་དུ་༧སྐུའི་གྱ་སྟོན་ཚོགས་ཆུང་དུ་ལོ་གསུམ་ལ་འགན་ཁུར་ཞུས། དེ་རྗེས་དབུས་རྒྱུན་སྐབས་བཅུ་དྲུག་པའི་ཚོགས་གཙོའི་འགན་ཁུར་ཡོད་པ་མ་ཟད། ད་ལྟའི་སྐབས་བཅུ་བདུན་པའི་མདོ་སྨད་དབུས་རྒྱུན་ཚོགས་གཙོའི་འགན་ཁུར་ཡང་ཞུ་བཞིན་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །