རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༨ འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས ༢༣ ཉིན་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༨ འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་དོན།

རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༥༨ འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་པའི་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸བྱམས་མགོན་ཀྭན་ཏིང་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་བཅས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ། དྲུང་ཆེ་དང་འགན་འཛིན་རྣམ་པ། ཕྱི་ནང་གི་སྐུ་མགྲོན་རྣམ་པ། བོད་ཁྱིམ་དབུ་འཛིན་མཆོག་དང་། འགན་འཛིན་སློབ་སྤྱི་དགེ་ལས་རྣམ་པ། བརྩེ་བའི་སློབ་ཕྲུག་རྣམ་པ། འདིར་འདུས་རྒྱ་ཆེའི་མང་ཚོགས་བཅས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

བོད་ཕྲུག་ཁྱིམ་སྡེ་འདི་བཞིན་ཐོག་མར་ཕྱི་ལོ་ ༡༩༦༠ ལོར་རྒྱ་གར་འཕགས་པའི་ཡུལ་གྱི་སྐབས་དེའི་པཱན་ཇབ་མངའ་ཁོངས་རྡ་རམ་ས་ལར་དབུས་བརྙེས་ཤིང་། དེ་ཡང་ཕྱི་ལོ་ ༡༩༥༩ ལོར་བོད་གངས་ཅན་ལྗོངས་ཀྱི་ཆོལ་གསུམ་ས་ཁོངས་ཡོངས་རྫོགས་རྒྱ་ནག་དམར་གཞུང་གིས་བཙན་བཟུང་བྱས་པར་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་ཚོ་བརྒྱད་ལྷག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་དང་། སྐབས་དེར་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་རིགས་དང་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ཀྱི་གནས་སྟངས་ཛ་དྲག་ཉག་ཕྲའི་འོག་གནས་ཡོད་སྟབས། དུས་དེ་ནས་བཟུང་ད་ལྟའི་བར་དུ་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་རང་དབང་སླར་གསོའི་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རླབས་ཆེའི་དགོངས་གཞི་དང་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་པའི་ཁོངས་ནས་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དེ་ཉིད་ནི་མཛད་འཕྲིན་དང་འབྲེལ་བའི་གལ་འགང་ཆེ་ཤོས་ཀྱི་སྡེ་ཚན་ཞིག་ཆགས་ཡོད།

དེ་ཡང་ཐོག་མར་བུ་བཅོལ་ཁང་ཆུང་ངུ་ཞིག་ནས་འགོ་འཛུགས་ཀྱིས་རྗེས་སུ་སློབ་ཕྲུག་གི་གྲངས་འབོར་དང་དགོས་མཁོའི་མཐུན་རྐྱེན་སོགས་རིམ་པས་གཞི་རྒྱ་ཆེ་རུ་སོང་སྟེ་ད་ལྟའི་གནས་སྐབས་ཀྱི་སློབ་སྦྱོང་གི་མཐུན་རྐྱེན་ཆ་ལག་ཚང་བའི་བོད་ཕྲུག་ཁྱིམ་སྡེ་དེ་ཆགས་ཐུབ་པ་བྱུང་བ་རེད། འདས་པའི་ལོ་བཅུ་ཕྲག་མང་པོའི་ནང་༸སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་དང་གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ཀྱིས་གཙོས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་རིམ་ཕེབས་དང་། དགེ་ལས་ཟུར་པ་དང་ལས་ཐོག་རྣམ་པ་བཅས་ཡོངས་ནས་ངལ་བ་ལྷུར་བཞེས་ཀྱིས་འབད་བརྩོན་རྒྱུན་མཐུད་གནང་བའི་ཉེར་ལེན་ལ་བརྟེན་ནས་ད་ཆ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་ནས་འདབ་གཤོག་གཉིས་ལྡན་གྱི་ན་གཞོན་ཇེ་མང་སློབ་སྦྱོང་ལེགས་པར་ཐོན་ཏེ་རང་རེའི་བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པའི་ནང་དང་། སྤྱི་ཚོགས་གང་སར་བོད་མིའི་བདེན་དོན་རྩོད་ལེན་གྱིས་གཙོས་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སོགས་ལས་རིགས་འདྲ་མིན་ཐོག་ཞབས་ཕྱི་ཞུ་བཞིན་དུ་ཡོད་པ་འདི་དག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་སྔོན་གཟིགས་ཀྱི་མཛད་ཐབས་མངོན་དུ་གྱུར་བ་ཞིག་ཡིན་པས། རང་རེ་ཚང་མས་དགའ་སྤོབས་དང་བཀའ་དྲིན་བསམ་ཤེས་ཐུབ་པ་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། དེར་བརྟེན་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་༸སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་དང་གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ཀྱིས་གཙོས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་རིམ་ཕེབས་དང་། དགེ་ལས་ཟུར་པ་དང་ལས་ཐོག་རྣམ་པ། དེ་བཞིན་ཕྱི་ནང་སྤྱི་སྒེར་རོགས་ཚོགས་ཁག་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

ཤེས་ཡོན་ནི་མིའི་མི་ཚེ་དོན་དང་ལྡན་པ་ཡོངས་ཐབས་དང་ལྷག་དོན་འཛམ་གླིང་ནང་འགྱུར་བ་དང་ཡར་རྒྱས་གཏོང་ཐུབ་པའི་ལག་ཆ་ནུས་ལྡན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དང་ཡན་ལག་བོད་ཁྱིམ་ཚང་མའི་ནང་སློབ་ཕྲུག་འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་ཅན་དུ་འཚར་ལོངས་ཡོང་ཆེད་ཟས་གོས་གནས་མལ་སོགས་གང་ཅིའི་མཐུན་རྐྱེན་དང་ཁོར་ཡུག་བཟང་པོ་ཞིག་བསྐྲུན་གནང་ཡོད་པ་བཞིན། སློབ་ཕྲུག་རྣམས་ནས་ཀྱང་སློབ་སྦྱོང་ལ་ཧུར་བརྩོན་བྱ་རྒྱུ་དང་། ཡ་རབས་སྤྱོད་བཟང་གོང་སྤེལ་སོགས་སློབ་གྲྭའི་ཉིན་རེའི་བྱེད་སྒོ་མཐའ་དག་ཐོག་འབད་རྩོལ་ལྷོད་མེད་གནང་དགོས། ང་ཚོ་བཙན་བྱོལ་དུ་སློབ་གྲྭ་ཁག་འཛུགས་རྒྱུའི་དགོས་པ་རྒྱུ་མཚན་གཙོ་བོ་ནི་བོད་མི་རིགས་དང་། བོད་ཀྱི་སྐད་ཡིག ཆོས་རིག་བཅས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱས་ཏེ་བོད་ཀྱི་བདེན་མཐའ་མ་གསལ་བར་བཙན་བྱོལ་དུ་གནས་དགོས་རིང་མི་རེ་ངོ་རེས་སོ་སོར་འཁྲི་བའི་ལས་འགན་རེ་ཡོད་པ་དེ་བསྒྲུབ་དགོས་ཀྱི་ཡོད་སྟབས། སློབ་ཕྲུག་ཚོར་ཆ་མཚོན་ནའང་སློབ་ཕྲུག་རེ་རེས་སོ་སོའི་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བརྒྱ་ཆ་ ༡༠༠ བེད་སྤྱོད་ཡག་པོ་གཏོང་ཐུབ་པ་ཡིན་ན། ང་ཚོའི་སྤྱི་ཚོགས་ནང་བོད་རིགས་ཤེས་ཡོན་ཅན་མང་པོ་སྐྱེད་སྲིང་ཡོང་ཐུབ་པ་དང་། དེའི་ཐོག་ནས་བོད་མི་རིགས་དང་། སྐད་ཡིག ཆོས་དང་རིག་གཞུང་བཅས་འཛམ་གླིང་འདིའི་ཐོག་གསོན་པོར་གནས་ཐུབ་རྒྱུའི་དགེ་མཚན་ཆེན་པོ་ཡོད།

གཞིས་ཞུགས་སྤུན་ཟླ་རྣམས་ནས་རང་རེའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་སྦྱོང་སྤྱོད་གོང་སྤེལ་གཏོང་རྒྱུའི་འདུན་པ་ཅི་ཆེ་ཡོད་པ་ལྟར་གླུ་གཞས་སོགས་སྒྱུ་རྩལ་འདྲ་མིན་གྱི་ཐོག་ནས་འཇིགས་ལ་ཉེ་བའི་སོ་སོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཆེད་འབད་བརྩོན་གང་ཐུབ་གནང་དང་གནང་མུས་དེ་ལྟར་ཡང་། རྒྱ་གཞུང་གིས་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་བཅས་ལ་རྩིས་མེད་རྡོག་རོལ་བཏང་སྟེ། བོད་ནང་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་རྒྱུའི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ལ་དམ་དྲག་ཆེ་རུ་བཏང་བས་མ་ཚད། བོད་ནང་གི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་མཚོན་པའི་ཉེས་མེད་ཀྱི་བོད་མི་མང་པོར་མིང་འདོགས་སམ་སྙད་འདོགས་འདྲ་མིན་གྱི་འོག་ནས་བཙོན་འཇུག་དང་བཀག་ཉར་གྱིས་མི་སྤྱོད་ལས་འདས་པའི་དྲག་གནོན་སྣ་ཚོགས་བྱས་ཏེ་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་དང་། ཉེ་བའི་ཆར་བོད་ནང་དུ་བོད་ཕྲུག་ལོ་ན་བཅོ་བརྒྱད་མ་སོན་པ་རྣམས་དགོན་པའི་ནང་ཆོས་ཞུགས་མི་ཆོག་པའི་བཙན་བཀའ་བཏང་སྟེ་གྲྭ་ཕྲུག་མང་པོ་ཞིག་དགོན་པ་ནས་བཙན་ཁྲིད་བྱས་ཏེ་རྒྱ་ནག་གཞུང་གིས་བཙུགས་པའི་སློབ་གྲྭ་ཁག་ནང་འཇུག་དགོས་པའི་བཙན་བཀའ་བཏང་བ་སོགས་འགྲོ་བ་མི་ཡི་ཐོབ་ཐང་གི་རང་དབང་དང་། ཆོས་དད་རང་དབང་སོགས་ལ་དམ་དྲག་ཇེ་ཆེར་བྱེད་བཞིན་པ་ནས་ཤེས་རྟོགས་ཐུབ།

རྒྱ་དམར་གཞུང་གིས་བོད་ནང་གི་བོད་མི་ཚོར་སོ་སོའི་སྐད་ཡིག་དང་། ཆོས་རིག་བཅས་པ་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་གོ་སྐབས་བསྐྲུན་ཐབས་མ་བྱས་པ་དང་། སྲོལ་རྒྱུན་ཆོས་ཕྱོགས་ཀྱི་བྱེད་སྒོ་རྣམས་ལའང་དགག་ཆ་བྱེད་ཀྱང་གིས་དུས་རྒྱུན་དུ་དམ་དྲག་བྱེད་བཞིན་ཡང་། ང་ཚོ་བཙན་བྱོལ་བའི་ནང་རང་དབང་ཆ་ཚང་ཡོད་སྟབས་བོད་མི་རྒན་གཞོན་འབྲིང་གསུམ་ཚང་མས་གཞིས་ལུས་སྤུན་ཟླ་རྣམ་པའི་ཕུགས་བསམ་རྣམས་དུས་རྟག་ཏུ་ཡིད་ལ་བཅང་བཞིན། བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་གསུམ་གསལ་གཟིགས་ཀྱི་བཀའ་སློབ་ལམ་སྟོན་མཛད་པ་རྣམས་ལ་ཉམས་ལེན་ཞུ་རྒྱུ་དང་། ན་གཞོན་སློབ་ཕྲུག་རྣམས་ཀྱིས་དེང་དུས་ཀྱི་ཤེས་ཡོན་འཛམ་གླིང་ཐོག་དཔུང་པ་མཉམ་གཤིབས་ཐུབ་པ་དང་། ཁྱད་པར་བོད་མི་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་དོ་སྣང་ཆེན་པོས་སྦྱོང་བརྩོན་དང་། རྒྱུན་འཛིན་ཐུབ་པ་བྱ་རྒྱུའི་དམིགས་བསལ་གྱི་ལས་འགན་གལ་ཆེན་པོ་ཞིག་ཁུར་དུ་བབ་ཡོད་པས་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་སོ་སོའི་མི་རིགས་ཀྱི་ཞབས་འདེགས་སྒྲུབ་ཐུབ་པར་འབད་རྩོལ་ཧུར་ཐག་གནང་དགོས་པའི་ནན་སྐུལ་བྱ་རྒྱུ་ཡིན།

དེ་བཞིན་ཕྲུ་གུའི་ཕ་མ་ཚོ་ཡིན་ནའང་སོ་སོའི་བུ་ཕྲུག་གི་ཤེས་ཡོན་དང་། འཕྲོད་བསྟེན། ཀུན་སྤྱོད། སྤྱི་ཚོགས་ལ་འགན་ཁུར་སོགས་ཀྱི་ཐད་རྒྱུན་དུ་ནས་ཐུགས་སྣང་གིས་སློབ་གྲྭའི་དགེ་ལས་ཡོངས་ལ་འཕྱར་བ་གྲུ་འདེགས་ཀྱི་རམ་འདེགས་ཞུས་ཐུབ་ཚེ་མ་འོངས་པར་ང་ཚོ་བོད་གངས་ཅན་པའི་སོན་རྩ་བོད་ཕྲུག་སྤུས་ཚད་ལྡན་པ་ཞེ་གཅིག་ཡོང་ཐུབ་ངེས་ལ་སོང་དེ་དོན་གནང་རོགས་གནང་ཞེས་སྐུལ་མ་ནན་ཏན་ཞུ་རྒྱུ་ཡིན།

གཞན་ཡང་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཕན་ཆད་ཀྱི་སློབ་ཕྲུག་གི་གྲངས་འབོར་དང་ད་ལྟའི་གྲངས་འབོར་གཉིས་བསྡུར་ན་བོད་རིགས་སློབ་མ་ཧ་ཅང་ཉུང་དུ་ཕྱིན་པའི་རྣམ་པ་ལོ་ཤས་གོང་ནས་གསལ་པོ་མཐོང་རྒྱུ་ཡོད་སྟབས། འདི་ཐད་བོད་ཁྱིམ་ནས་འབྲེལ་ཡོད་རྣམས་དང་། ཤེས་རིག་ལས་ཁུངས་བཅས་ཀྱི་ལྷན་གོ་བསྡུར་གྱིས་ཤེས་ཡོན་སྡེ་ཚན་དེ་ཚོ་འཐུས་ཤོར་མི་འགྲོ་བའི་སླད་གང་འགབ་ཅི་ལེགས་ཀྱི་དགོངས་པ་བསྐྱར་ནན་བཞེས་གལ་དང་། དེ་བཞིན་དགེ་རྒན་དང་ལས་བྱེད་རྣམ་པར་མཐུན་རྐྱེན་གང་ལེགས་སྦྱོར་རྒྱུའི་ཐོག་ལའང་སྤྱི་མཚུངས་ཐག་གཅོད་ཡོང་ཐབས་གནང་དགོས།

གཞན་ཡང་ཚོགས་སྡེ་ཁག་ནས་སློབ་གྲྭའི་ནང་ཤེས་ཡོན་དང་འབྲེལ་བ་ཆེར་མེད་པའི་ལས་འགུལ་འདྲ་མིན་སྤེལ་བཞིན་པའི་ཐོག་སློབ་ཕྲུག་རྣམས་མཉམ་བཞུགས་ཀྱིས་དུས་ཚོད་ཆུད་ཟོས་སུ་གཏོང་མི་དགོས་པར་ཤེས་ཡོན་རང་གི་ཐོག་ལ་དོ་སྣང་དང་མོས་པ་བསྐྱེད་ཐབས། དེ་བཞིན་སློབ་གྲྭའི་ནང་སྐད་ཡིག་བསྲེ་ལྷད་སོགས་མི་འབྱུང་ཆེད་སློབ་གྲྭའི་འཛིན་སྐྱོང་རང་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་ཕྱག་བསྟར་གནང་ཐབས་དགོས།

བོད་ཕྲུག་ཁྱིམ་སྡེས་གཙོས་པའི་བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་ཀྱི་སྤྱི་ཡོངས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་གནས་སྟངས་ནི་ཡར་རྒྱས་ཚགས་ཚུད་ངང་འགྲོ་མུས་ལ་སོང་དངོས་གནས་དགའ་སྤོབས་བྱ་འོས་པ་ཞིག་དང་། ཡར་རྒྱས་ལ་མཐའ་མེད་པར་སོང་སླད་མར་ཡང་དེ་ལས་གོང་མཐོར་འགྲོ་ཐུབ་པའི་ཕྱོགས་ཀུན་ནས་འབད་པ་ལྷོད་མེད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། རྡ་ས་བོད་ཕྲུག་ཁྱིམ་སྡེ་མ་ལག་ཡོངས་ཀྱི་ཕྱག་ལས་མཐའ་དག་དམིགས་དོན་ལྟར་འགྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༣ ལ།།