རྡ་རམ་ས་ལའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།


༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༡ ཉིན་རྒྱབ་ཆུ་ཚོད་ ༢།༡༠ ཐོག་རྡ་རམ་ས་ལའི་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ཤལ་ནི་རི་ཡ་ (Vishal Nehria, MLA Dharamshala) མཆོག་གདན་ཞུས་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་སོང་།

དེ་ཡང་ཐོག་མར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་སྣེ་ལེན་ཕེབས་བསུ་དང་། དེ་རྗེས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྐུ་ཞབས་ཁོང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་སྦྲགས། སྤྱི་འཐུས་རྒྱུན་ལས་རྣམ་པ་རེ་རེ་བཞིན་ངོ་སྤྲོད་གནང་བ་དང་།

དེ་ནས་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྐུ་ཞབས་ཁོང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་སྙིང་བསྡུས་དང་། བཙན་བྱོལ་བོད་མིའི་མང་གཙོ་ནི་སྲིད་དོན་ཚོགས་པ་མེད་པའི་མང་གཙོ་ཡིན་སྐོར། དེ་བཞིན་སྤྱི་ལྷན་སྐབས་དུས་སོ་སོར་སྤྱི་འཐུས་ཀྱི་གྲུབ་ཆར་འགྱུར་བ་ཇི་བྱུང་དང་། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། ལོ་གཅིག་ལ་གྲོས་ཚོགས་ཐེངས་གཉིས་དང་། དེ་ཡང་ཟླ་བ་དྲུག་རེའི་མཚམས་སུ་གྲོས་ཚོགས་རེ་འཚོགས་ཀྱི་ཡོད་ཀྱང་འདི་ལོ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་རྐྱེན་པས་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་བཞིན་ཕར་འགྱངས་ཞུས་སྐོར། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་ཁག་ངོ་སྤྲོད་དང་། མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཡོང་རྒྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་བཅས་ཞུས་གནང་སོང་།

དེ་རྗེས་རྡ་རམ་ས་ལའི་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ཤལ་ནི་རི་ཡ་མཆོག་གིས་ཁོང་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་མཇལ་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགྲོ་སྟངས་སོགས་ཀྱི་སྐོར་ཤེས་རྟོགས་གནང་རྒྱུའི་གོ་སྐབས་གནང་བ་དང་། དེ་བཞིན་གྲོས་ཚོགས་ནས་སྣེ་ལེན་གཟབ་རྒྱས་གནང་བར་དགའ་སྤྲོ་ཆེན་པོ་བྱུང་ཞེས་དང་། འཛམ་གླིང་ཡོངས་ནས་ཤེས་གསལ་ལྟར་བོད་མི་རིགས་ལ་དཀའ་ངལ་ཆེན་པོ་བྱུང་ཡོད་ཀྱང་། བཙན་བྱོལ་ནང་བོད་པ་ཚོས་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ངོ་བོ་སྲུང་སྐྱོབ་ཡག་པོ་བྱས་དང་བྱེད་བཞིན་ཡོད་པར་བསྔགས་བརྗོད་དང་། དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལའང་བསྔགས་བརྗོད་གནང་བ་མ་ཟད། ཁོང་རང་ཉིད་འབྱུང་འགྱུར་བོད་མི་མང་སྤྱི་འཐུས་རྣམས་ཀྱི་དྲུང་ནས་བཅའ་ཁྲིམས་སྐོར་ཤེས་ཐབས་བྱེད་ཀྱི་ཡིན་སྐོར་གསུངས་པ་དང་། ཆབས་ཅིག་ཁོང་རང་ཉིད་སྔོན་མ་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་ཡིན་སྟབས། བོད་ཀྱི་གནས་སྟངས་སྐོར་རྒྱུས་མངའ་ཡོད་སྐོར་དང་། བོད་དོན་ལ་ག་དུས་ཡིན་ནའང་རྒྱབ་སྐྱོར་གནང་གི་ཡིན་ཞེས་གསུངས་གནང་སོང་།

དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་ཞབས་ཁོང་གྲོས་ཚོགས་སུ་ཕེབས་པར་ཐུགས་རྗེ་ཆེ་ཞུས་དང་འབྲེལ། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར་དང་། ཉེ་ཆར་ལ་དྭགས་སུ་རྒྱ་དཀར་ནག་ས་མཚམས་ཀྱི་རྩོད་རྙོག་སྐོར་སོགས་དང་། བཞུགས་སྒར་རྡ་སའི་ནང་གནས་སྡོད་བོད་མི་ཚོར་འཕྲད་བཞིན་པའི་ཁང་པ་དང་། ཁོར་ཡུག རྒྱ་ལམ་གློག་ (Street Light) སོགས་ཀྱི་དཀའ་ངལ་སྐོར་སྙན་སེང་དང་ཆབས་ཅིག་རོགས་རམ་གནང་སྐྱོང་ཡོང་བའི་རེ་སྐུལ་དང་། དེ་བཞིན་མངའ་སྡེའི་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་རྒྱུ་དང་། མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཡོང་རྒྱུའི་ཆེད་སྐུ་ཉིད་ཚོགས་མི་དང་པོ་གནང་རྒྱུའི་འབོད་སྐུལ་དང་། མངའ་སྡེའི་གྲོས་ཚོགས་འཚོགས་སྐབས་སྤྱི་ལྷན་གྱི་སྐུ་ཚབ་དེ་གར་བཅར་ཐུབ་ཚེ་གནད་ཡོད་མི་སྣ་ངོ་སྤྲོད་སོགས་རོགས་རམ་གནང་སྐྱོང་ཡོང་བ་བཅས་ཞུས་གནང་རྗེས།

དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་ཁོང་ལ་སྟོན་པའི་ཞལ་ཐང་ཞིག་ཕུལ་བ་དང་། དེ་རྗེས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་དང་། དཔལ་ལྡན་ཚོགས་གཞོན་མཆོག་ནས་སྐུ་ཞབས་ཁོང་དང་ལྷན་བོད་ཀྱི་དཔེ་མཛོད་ཁང་དང་། བོད་ཀྱི་སྨན་རྩིས་ཁང་བཅས་ལ་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས། །