རྟ་དབང་གནས་སྐོར་ཞེས་པའི་བོད་དོན་གོ་རྟོགས་ལས་འགུལ་ཐེངས་བཅུ་གཅིག་པའི་མཛད་སྒོའི་ཐོག་ཕྱོགས་བཞུགས་སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག་ཆེད་ཕེབས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ པའི་ཚེས་ ༡༨ ཉིན་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཝ་ཧ་ཊི་ (Guwahati) རུ་འཕགས་བོད་འབྲེལ་མཐུད་ཚོགས་པས་གོ་སྒྲིག་ཞུས་པའི་རྟ་དབང་གནས་སྐོར་ (11th Tawang Tirth Yatra) ཞེས་པའི་བོད་དོན་གོ་རྟོགས་ལས་འགུལ་ཐེངས་བཅུ་གཅིག་པའི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་གནང་ཡོད།

སྐབས་དེའི་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་མི་རྒན་པ་དང་སློབ་སྟོན་པ། དེ་བཞིན་འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིནྡྲེཤ་ཀུ་མཱར་ (Indresh Kumar) མཆོག་དང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག རྒྱ་གར་གྱི་གནད་ཡོད་མི་སྣ། བསྟན་འཛིན་སྒང་ས་གནས་འགོ་འཛིན་བསྟན་འཛིན་རིན་ཆེན་ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས། འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སོགས་ཆེད་ཕེབས་གནང་ཡོད་འདུག

མཛད་སྒོའི་ཐོག་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་། དེ་ནས་གཙོ་བོ་གསུང་དོན། འཕགས་བོད་འབྲེལ་མཐུད་ཚོགས་པས་སྣེ་ཁྲིད་འོག ས་གནས་ཁག་འདྲ་མིན་ནས་ཕེབས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་རྣམ་པས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱ་གར་གཞུང་མང་གཉིས་ནི་བོད་ལ་ཇི་ཙམ་བཀའ་དྲིན་ཆེན་པོ་ཡིན་པའི་སྐོར་དང་། རྒྱ་ནག་དམར་གཞུང་འོག་བོད་ནང་གཞི་རྩའི་རང་དབང་ཁག་མེད་པ་མ་ཟད། བོད་ཀྱི་སྐད་ཡིག་དང་། བོད་མིའི་ལ་རྒྱ་རྩ་མེད་གཏོང་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད་པའི་སྐོར། རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག གཞིས་བཞུགས་བོད་མི་རྣམས་མི་བཟོད་པར། ད་བར་བོད་མི་རྒན་གཞོན་སེར་སྐྱ་དབྱེ་བ་མེད་པར་བོད་མི་གྲངས་ ༡༥༨ ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཕུལ་བའི་སྐོར། ད་ལྟའི་ཆར་བོད་ནང་རྒྱ་ནག་དམར་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ (Zero Covid policy) ཞེས་པའི་སྲིད་བྱུས་ལ་ཁ་གཡར་ནས་བོད་མི་རྣམས་ལ་མནར་གཅོད་ཚད་མེད་གཏོང་བཞིན་ཡོད་པའི་སྐོར་སོགས་གསུངས་པ་དང་། གཞན་ཡང་སྤྱི་འཐུས་མཆོག་གིས་མ་འོངས་པར་རྒྱ་གར་གཞུང་གི་ངོས་ནས་ཚོགས་འདུ་ཁག་ལ་བོད་དོན་སྐོར་གླེང་སློང་གནང་རྒྱུའི་རེ་སྐུལ་བཅས་ཞུས་གནང་འདུག

ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིནྡྲེཤ་ཀུ་མཱར་མཆོག་དང་། སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག འཕགས་བོད་འབྲེལ་མཐུད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་པན་ཀཇཱ་གྷོ་ཡལ་ (Shri Pankaj Goyal Ji, BTSM National General Secretary) མཆོག གཞོན་ལྷན་ཚོགས་གཙོ་བཅས་ནས་ཐེངས་འདིའི་རྟ་དབང་གནས་སྐོར་དང་འབྲེལ་བའི་བོད་དོན་གོ་རྟོགས་ཀྱི་ལས་འགུལ་དེ་བཞིན་དབུ་འབྱེད་གནང་བ་དང་། ལས་འགུལ་དེའི་སྐབས་རྒྱ་གར་ས་གནས་ཆབ་སྲིད་མི་སྣ་དང་། གཞན་གནད་ཡོད་མི་སྣ། དེ་བཞིན་ཡུལ་མི་བཅས་ལ་བོད་ཀྱི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་བརྒྱུད་བོད་དོན་སྐོར་དྲིལ་བསྒྲགས་གནང་རྒྱུ་དང་། དེ་བཞིན་གྷོ་ཝ་ཧ་ཊི་ནས་བྷོམ་ཌི་ལ་བར་གནས་སྐོར་དང་བོད་དོན་དྲིལ་བསྒྲགས་གནང་རྒྱུ་ཡིན་འདུག

ལས་འགུལ་དེ་ཐོག་མར་འཕགས་བོད་འབྲེལ་མཐུད་ཚོགས་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༢ ལོར་འགོ་འཛུགས་གནང་འདུག་པ་དང་། ད་ཐེངས་ཀྱི་ལས་འགུལ་དེ་ཐེངས་བཅུ་གཅིག་པ་ཆགས་ཀྱི་ཡོད་པ་བཅས། །