རྔ་བའི་ཛ་དྲག་གནས་སྟངས་ཞུ་སྐུལ་ཆེད་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ལྡི་ལིར་ཕེབས་ཐོན།

འདི་ལོའི་ཟླ་ ༣ ཚེས་ ༡༦ ནས་བཟུང་ད་བར་རྔ་བ་ཀིརྟི་དགོན་དུ་མུ་མཐུད་ཞི་བའི་ལས་འགུལ་སྤེལ་བཞིན་པའི་ཐོག་རྒྱ་གཞུང་གིས་དྲག་པོའི་སྟོབས་ཤུགས་ཀྱིས་དགོན་པའི་ཉེ་རྒྱང་གང་ས་ནས་མཐའ་བསྐོར་ཞིང་། ལས་དོན་རུ་ཁག་ཟེར་བའི་ལས་བྱེད་བརྒྱ་ཕྲག་ཁ་ཤས་དགོན་པའི་ནང་བཙན་འཛུལ་གྱིས་གྲྭ་དམངས་ལ་འཇིགས་སྐུལ་བསུན་གཙེར་དང་། གྲ་བ་བརྒྱ་ཕྲག་འགའ་དགོན་པ་ནས་བཙན་ཁྲིད། ལོ་ན་དྲུག་ཅུ་བརྒལ་བའི་རྒན་རྒོན་གཉིས་གཅར་རྡུང་གིས་དམར་གསོད་བཏང་བ་དང་། ད་དུང་དྲག་གནོན་མུ་མཐུད་བཞིན་པ་སོགས་ཀྱི་ཛ་དྲག་གནས་སྟངས་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་བསྒྲགས་དང་། གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་འཚོལ་སླད། སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཏུ་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་བཅས་ཟླ་ ༤ ཚེས་ ༢༧ ཞོགས་པར་རྒྱ་གར་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་དང་། རྒྱུན་ལས་ཀྱི་སྐུ་ཚབ་རྣམ་པས་ལྡི་ལིར་བཅའ་སྡོད་ཕྱི་རྒྱལ་གཞུང་ཚབ་ཁག་ལ་མཇལ་འཕྲད་གནང་སྟེ། བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་དུ་རྔ་བ་ཀིརྟི་དགོན་པའི་འདས་པའི་ཟླ་བ་གཅིག་ལྷག་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གསལ་བཤད་བྱ་རྒྱུའི་མཚོན། འབྲེལ་ཡོད་བརྒྱུད་རྒྱ་གར་གྱི་གནད་ཡོད་མི་སྣར་མཇལ་འཕྲད་དང་། ཛ་དྲག་ལས་འགུལ་སྤེལ་རྒྱུའི་མཛད་འཆར་བསྒྲིགས་ཡོད་འདུག