རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཐོགས་མེད་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག

༄༅། །འདི་གར་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་། ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་ ༢།༤༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་ཁྲིན་ཀན་ཡུལ་ཚོའི་ཕྱུགས་ལས་གོང་མའི་རུ་ཆེན་གཉིས་པའི་རོགས་ཕྲུག་ཚང་གི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐོགས་མེད། རང་ལོ་ ༢༨ ཡིན་པ་ཁོང་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཞུ་འབོད་ཆེད་རང་ལུས་མེར་སྲེག་གནང་ནས་སྐུ་གྲོངས་ཡོད་འདུག  དེ་ཡང་རྔ་པ་ཀིརྟི་དགོན་གྱི་གླིང་གི་ནུབ་ཕྱོགས་སུ་ཁོང་གི་བཞུགས་ཤག་ཡོད་པའི་སྒོ་ནས་ལུས་ལ་ས་སྣུམ་མང་བོ་བྱུག་ཤིང་ལག་ཏུ་ཆོས་དར་བཟུང་ནས་སྐུ་ལུས་མེ་རུ་བསྒྲོན་ཏེ་དགོན་པའི་ནུབ་སྒོའི་ཕྱོགས་སུ་རྒྱུག་ཡོད་པ་དང་། སྒོ་ཆེན་འགྲམ་དུ་མ་སླེབས་ཙམ་ལ་སར་འགྱེལ་ཡོད་ཅིང་། སྐབས་དེར་གྲྭ་པ་དང་མི་མང་བཅས་མང་བོ་འབྱོར་ནས་ཁོང་རྔ་པ་རྫོང་མི་དམངས་སྨན་ཁང་དུ་ཁྱེར་ཡོད་ཀྱང་། དུས་ཡུན་རིང་པོ་མ་འགོར་བར་སྐུ་གྲོངས་ཡོད་འདུག  ཁོང་གིས་རང་ལུས་མེར་སྲེག་གནང་སྐབས་སྐད་འབོད་ག་རེ་གནང་ཡོད་མེད་ཤེས་རྟོགས་བྱུང་མི་འདུག   སྨན་ཁང་དུ་འབྱོར་མཚམས་དམག་་མི་དང་ཉེན་རྟོག་པ་འབོར་ཆེན་སླེབས་ནས་ཁོང་གི་སྐུ་ཕུང་བཙན་འཕྲོགས་ཀྱིས་འབར་ཁམས་སུ་ཁྱེར་ཡོད་འདུག   ཁོང་གི་ཕ་མིང་ལ། རོགས་ཕྲུག་དང་། མ་མིང་ལ། དེ་པོ་ཟེར་ཞིང་དམ་པ་ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ཏེ་ད་སྐབས་ཕར་ཕྱིན་འཛིན་གྲྭར་སླེབས་ཡོད་པ་དང་ནམ་རྒྱུན་ཀུན་སྤྱོད་ལེགས་ཤིང་སློབ་གཉེར་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག   ཁོང་ལ་ཤུལ་དུ་ཕ་མ་གཅིག་པའི་སྲིང་མོ་གཅིག་དང་སྤུན་གསུམ་བཅས་ཁྱོན་ནང་མི་དྲུག་ཡོད་འདུག

གྲྭ་བློ་བཟང་ཐོགས་མེད། གྲྭ་བློ་བཟང་ཐོགས་མེད། 

དེ་རིང་སྟེ་ ༣།༡༦ ནི་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་རྔ་པ་ནས་བོད་མི་མང་པོ་ཞིག་དམར་གསོད་བྱས་ནས་ལོ་ལྔ་ཧྲིལ་བོ་འཁོར་བའི་དུས་ཚེས་ལ་འཁེལ་ཡོད་པ་དང་། ལོ་དེ་ནས་བཟུང་ལོ་རྟག་པར་རྔ་པ་མི་མང་གིས་དུས་ཚེས་དེར་རྣམ་པ་འདྲ་མིན་གྱི་སྒོ་ནས་རྗེས་དྲན་སྲུང་རྩི་བྱེད་བཞིན་ཡོད་འདུག་ལ། ལྷག་པར་དུ་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཕུན་ཚོགས་ལགས་དང་། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ལོ་སོ་སོའི་གསུམ་པའི་བཅུ་དྲུག་གི་ཉིན་མོ་རྗེས་དྲན་གྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག