རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གཙོས་པའི་ལས་བྱེད་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༤ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་སྣེ་ཁྲིད་འོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་། ལས་བྱེད་གྲངས་ ༡༨ བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཙོས་པའི་ཚོགས་མི་དང་། ལས་བྱེད་རྣམ་པ་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དགའ་བསུའི་འཚམས་འདྲི་དང་སྦྲགས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག སྐབས་དུས་སོ་སོར་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལ་འགྱུར་བ་ཇི་བྱུང་སྐོར་ངོ་སྤྲོད་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་གསུངས་གནང་བ་མ་ཟད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོས་ནས་བོད་ཀྱི་རྩ་དོན་ཐོག་རྟག་ཏུ་རྒྱབ་སྐྱོར་དང་། ལས་འགུལ་སྣ་ཚོགས་བརྩམས་པ་དེས་བོད་མི་རྣམས་ལ་སེམས་ཤུགས་སྤར་ངེས་ཡིན་པའི་སྐོར་དང་། ཚོགས་པའི་ངོས་ནས་མུ་མཐུད་བོད་དོན་ཐོག་ཕྱག་ལས་གནང་རྒྱུའི་རེ་སྐུལ་བཅས་ཞུས་གནང་རྗེས། ཁོང་རྣམ་པས་བཙན་བྱོལ་ནང་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པའི་འོས་བསྡུ་གནང་ཕྱོགས་དང་། བཙན་བྱོལ་བོད་མིའི་མང་གཙོའི་གནས་བབ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན། དེ་བཞིན་བོད་ཀྱི་གནད་དོན་སོགས་ཀྱི་ཐོག་དོགས་འདྲི་ཕུལ་བར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

གཞན་ཡང་འདུ་འཛོམས་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་། ལས་བྱེད་རྣམ་པས་རང་ཉིད་སོ་སོའི་ལོ་རྒྱུས་སྐོར་ངོ་སྤྲོད་སྙིང་བསྡུས་དང་། ཐོག་མར་བོད་ཀྱི་འཐབ་རྩོད་ཐོག་ཇི་ལྟར་རྒྱུས་མངའ་བྱུང་བའི་ཉམས་མྱོང་སྐོར་གསུངས་གནང་རྗེས། བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་ནང་ཡོད་པའི་བོད་མི་རྣམ་པས་བོད་ཀྱི་རྩ་དོན་ཐོག་ཕྱག་ལས་གནང་ཕྱོགས་ལ་བསྔགས་བརྗོད་གནང་སོང་།

མཐར་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གཙོས་པའི་སྐུ་མགྲོན་ཡོངས་ལ་བོད་དོན་དང་འབྲེལ་བའི་ཡིག་ཆ་ཁག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་བཅས་ཕུལ་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་ཡོད་པ་བཅས། །