
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ པའི་ཚེས་ ༥ ཉིན་གྱི་ཕྱི་དྲོ་བཞུགས་སྒར་རྡ་རམ་ས་ལ་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པའི་ཉིན་མཐའ་མའི་ཐོག་གྲོས་ཆོད་གཏན་འབེབས་ཀྱི་ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་ཚོགས་ཆེན་མཇུག་བསྒྲིལ་གནང་སོང་། ཐེངས་འདིའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ཁག་མི་འདྲ་བ་ ༡༣ ཙམ་ནས་ཚོགས་བཅར་བ་གཞོན་སྐྱེས་ ༩༨ ཙམ་ཕེབས་ཡོད་འདུག

སྐབས་དེའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། གཞན་སྐུ་མགྲོན་དུ་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས། རྒྱ་གར་ Konrad-Adenauer-Stiftung འགན་འཛིན་ལས་རོགས་ཨན་ཇ་ལི་རཝ་ཌ་ (Anjali Rawat) ལགས། ཇར་མན་གྲོས་ཚོགས་འཐུས་མིའི་ལས་ཁུངས་ཀྱི་ཇར་མན་དང་པོ་ལེནྜ་འབྲེལ་ལམ་ཐོག་མཁས་པ་སྐུ་ཞབས་ཇོ་ནཱསི་ ཀོ་ལེ་ཀི་ (Jonas Kolecki) ལགས། ཚོགས་ཆེན་གྱི་ཟབ་ཁྲིད་པ་ཨོ་གླིང་དུ་རྟེན་གཞི་བྱས་པའི་ཁྱེད་ཀྱི་ཐོན་རྫས་འདེམས་ཞེས་པའི་ཚོང་ལས་ཁང་གི་འགན་འཛིན་ཚེ་བརྟན་སྒྲོལ་མ་ལགས་བཅས་ཕེབས་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན་གཙོ་བོ། སོ་སོའི་རྒྱལ་ཁབ་གཞན་གྱིས་བཙན་བཟུང་བྱས་པའི་མི་རིགས་ཤིག་ཡིན་ན། རང་གི་རིག་གཞུང་དང་། སྐད་ཡིག ངོ་བོ་བཅས་སྲུང་སྐྱོབ་བྱེད་པ་དང་། རང་དབང་བསྐྱར་གསོ་བྱེད་པའི་ཆེད་དུ་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལས་དོན་ཚན་ལྔའི་ཐོག་གལ་ཆེའི་ལས་དོན་རྣམས་བསྒྲུབ་དགོས་པའི་སྐོར་གསུངས་པ་དང་། དེ་ཡང་དོན་ཚན་དང་པོ། རིག་གཞུང་དང་སྐད་ཡིག་མི་ཉམས་རྒྱུན་འཛིན། བཙན་བཟུང་མཁན་གྱིས་རྒྱུན་དུ་བཙན་གནོན་འོག་ཡོད་པའི་མི་རིགས་ཀྱི་ངོ་བོ་བརླག་ཐབས་བྱེད་ཀྱི་ཡོད་པས། རང་གི་ཆོས་ལུགས། རིག་གཞུང་། གོམས་གཤིས། ལྷག་པར་དུ་སྐད་ཡིག་མི་ཉམས་གོང་འཕེལ་དང་རྒྱུན་འཛིན་བྱེད་རྒྱུ་ནི་ཆེས་གལ་ཆེན་ཡིན། སྐད་ཡིག་དང་རིག་གཞུང་གནས་ན་མི་རིགས་དེ་གསོན་པོར་གནས་ཐུབ། དོན་ཚན་གཉིས་པ། ཤེས་ཡོན་དང་བསམ་པའི་ནུས་པ་གོང་མཐོར་གཏོང་བ།

མི་རིགས་ཀྱི་མ་འོངས་པའི་མདུན་ལམ་ནི་ན་གཞོན་ཚོའི་ཤེས་ཡོན་ལ་ཐུག་ཡོད། རང་གི་སྲོལ་རྒྱུན་གྱི་རིག་གནས་དང་། དེང་དུས་ཀྱི་ཤེས་བྱ་རིག་གནས། ཁྲིམས་ལུགས། ཆབ་སྲིད་བཅས་ལ་སློབ་སྦྱོང་ཧུར་ཐག་བྱས་ཏེ། རྒྱལ་སྤྱིའི་སྟེང་རང་གི་རྩ་དོན་གླེང་ཐུབ་པའི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ཡོང་ཐབས་དང་གསོ་སྐྱོང་བྱེད་དགོས། དོན་ཚན་གསུམ་པ། ནང་ཁུལ་རྡོག་རྩ་གཅིག་སྒྲིལ། ཕྱི་ཕྱོགས་ཀྱི་བཙན་གནོན་ལ་གདོང་ལེན་བྱེད་པར། མི་རིགས་ནང་ཁུལ་དུ་ལུང་ཚན་དང་། ཆོས་ལུགས། ལྟ་གྲུབ་ཀྱི་དབྱེ་བ་མེད་པར་ཆིག་སྒྲིལ་བྱེད་རྒྱུ་ནི་ནུས་པ་ཆེ་ཤོས་དེ་ཡིན། ནང་ཁུལ་གྱི་མཐུན་ལམ་ནི་དགྲ་བོའི་གཡོ་སྒྱུ་འཇིག་པའི་མཚོན་ཆ་ཡིན། དགྲ་བོས་བཙན་གནོན་མི་ཐུབ་པའི་རྡོ་རྗེ་ཕ་ལམ་ལྟ་བུ་ཡིན། དོན་ཚན་བཞི་པ། ཞི་བའི་འཐབ་རྩོད་དང་གོ་རྟོགས་སྤེལ་བ། དྲང་བདེན་དང་ཞི་བའི་ལམ་ནས་རང་གི་ཐོབ་ཐང་དང་རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་པ་དང་། རང་མི་རིགས་ཀྱི་ལོ་རྒྱུས་ཤེས་རྟོགས་ཀྱིས་རང་གི་བདག་དབང་རྩོད་ལེན་བྱ་རྒྱུ། རང་གི་ཕ་ཡུལ་ནང་བྱུང་བཞིན་པའི་བདེན་པའི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་བསྒྲགས་ཏེ། རྒྱལ་སྤྱིའི་རྒྱབ་སྐྱོར་འཚོལ་ཐབས་བྱེད་དགོས། དོན་ཚན་ལྔ་པ། ཁྲིམས་མཐུན་དང་སྒྲིག་འཛུགས་ལྡན་པའི་ལས་འགུལ། རང་གི་རྩ་དོན་དང་དམིགས་ཡུལ་འགྲུབ་པའི་ཆེད་དུ། སྒྲིག་འཛུགས་ཚགས་ཚུད་པོ་ཡོད་པའི་ཚོགས་པ་འཛུགས་པ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་དམིགས་ཚད་བཟུང་ནས་རང་མི་རིགས་ཀྱི་ཐོབ་ཐང་དང་། རང་དབང་སྲུང་སྐྱོང་ཡོང་ཐབས་ཀྱི་ལས་དོན་བསྒྲུབ་དགོས་པའི་སྐོར་ལ་གསུང་བཤད་ཞིབ་ཕྲ་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས་དང་། རྒྱ་གར་ Konrad-Adenauer-Stiftung འགན་འཛིན་ལས་རོགས་ཨན་ཇ་ལི་རཝ་ཌ་ (Anjali Rawat) ལགས་རྣམ་གཉིས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སྟེ་ཐེངས་འདིའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་མཇུག་བསྒྲིལ་གནང་ཡོད་པ་བཅས།


