རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ།

༄༅། །རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཉིན་གཉིས་པའམ་མཐའ་མ་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༣ ཉིན་གྱི་ཚོགས་འདུའི་ཐོག་ཝ་ཤིང་ཊོན་སྤྱི་བསྒྲགས་ (Washington Declaration) དང་། མ་འོངས་པའི་ཝ་ཤིང་ཊོན་ལག་བསྟར་འཆར་གཞི་ (Washington Action Plan) བཅས་གཏན་འབེབས་དང་། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ཚོགས་པ་ (INPaT) སླར་གསོ་གནང་བ་དང་འབྲེལ། ཐེངས་འདིའི་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྒྲིལ་གནང་སོང་།

དེ་ཡང་ཚོགས་ཆེན་གྱི་ཉིན་གཉིས་པའི་སྔ་དྲོའི་ཚོགས་ཐུན་དང་པོར། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་བའི་ཐོག ཐེ་ཝན་གྲོས་ཚོགས་འཐུས་མི་དང་། སྤྱི་ཚོགས་བདེ་དོན་དང་། ཁོར་ཡུག་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཧང་ སན་ ཧན་ (Hon. Hung Sun-Han, Taiwanese Legislator & Member of the Social Welfare and Environmental Hygiene Committee) མཆོག་དང་། ཕྱི་དྲིལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་བདེ་ཆེན་དཔལ་མོ་ལགས་རྣམ་གཉིས་ཀྱིས་ “གོ་ལའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་ཐོག་ཨེ་ཤི་ཡ་དང་། མཐོ་སྒང་བོད་ཀྱི་གལ་གནད།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་།

གཞན་ཡང་དེ་ཉིན་སྔ་དྲོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་ཁག་ཅིག་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ (Congressional Executive Commission on China) མདུན་དུ་ “བོད་ཀྱི་དཀའ་རྙོག་སེལ་ཐབས་ཐོག་འཕྲད་བཞིན་པའི་དཀའ་ངལ།” ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་ཉན་ཞིབ་ལ་ཕེབས་གནང་ཡོད།

ཚོགས་ཐུན་གཉིས་པར། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཚོགས་འདུ་གཙོ་སྐྱོང་འོག རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཤ་ཤི་ཐ་རུར་ (Dr. Shashi Tharoor, Member of Lok Sabha, India) མཆོག་དང་། ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབ་ཝི་ར་ནི་ (Arif Virani) མཆོག

རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་ཚོགས་པ་ཀིརི་དཱ་ (Kreddha) ཞེས་པའི་འཛིན་སྐྱོང་ཚོགས་གཙོ་དང་། བོད་ཀྱི་གནས་ཚུལ་གནད་བསྡུས་ (The Tibet Brief 20/20) ཞེས་པའི་དཔེ་དེབ་རྩོམ་པ་པོ་སློབ་དཔོན་སྐུ་ཞབས་མེ་ཀལ་ ཝན་ ལྦལ་ཊ་ པཱ་རག་ (Prof. Michael Van Walt Praag) མཆོག དེ་བཞིན་རྒྱ་རིགས་ལོ་རྒྱུས་སློབ་དཔོན་ཆེན་མོ་སྐུ་ཞབས་ལིག་ ཧན་ ཧྲེང་ (Professor Hon-Shiang Lau, Retired Chair Professor, City University of Hong Kong) མཆོག་བཅས་ནས་ “རྒྱལ་སྤྱིའི་ནང་བོད་དོན་སྐོར་འགྲེལ་བཤད་གནང་ཕྱོགས་ལ་འགྱུར་བ་གཏོང་དགོས་གལ།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།

ཚོགས་ཐུན་གསུམ་པར། ཨིལ་ སལ་ཝ་ཌོར་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོན་ ཊེ་ནན་ཊི་ རཡེ་ཊི་ སོལ་ (Hon. John Tennant Wright Sol, Member of Parliament, El Salvador) མཆོག་གིས་ཚོགས་འདུ་གཙོ་སྐྱོང་འོག ཁེ་ན་ཌ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཇེམ་སི་ མེ་ལོ་ནི་ (Hon. James Maloney, Member of Parliament, Canada & Vice Chair of Canadian Parliamentary Friends of Tibet) མཆོག་དང་། ཀོ་སི་ཊ་ རི་ཀའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་གྷོ་ལོ་རིཡ་ མོན་ཊི་རོ་ (Hon. Gloria Navas Montero, Member of Parliament, Costa Rica) མཆོག མེག་སི་ཀོ་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་སལ་ཝ་ཌོར་ ཁེ་རོ་ ཁེ་བྷི་རི་རཱ་ (Hon. Salvador Caro Cabrera, Member of Parliament, Mexico) མཆོག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་རོ་བྷར་ཊི་ མ་སི་ ནཱ་ཧར་ (Hon. Robert Masih Nahar, Member of Parliament, Spain) མཆོག་བཅས་ནས་ “བསམ་ཕྱོགས་མཐུན་པའི་རྒྱལ་ཁབ་དབར་ཕན་ཚུན་ཉམས་མྱོང་སྤེལ་རིས་གནང་སྟེ་མཉམ་ལས་དང་། འབྲེལ་མཐུད། ལག་བསྟར་འཆར་གཞི་བཅས་གཏན་འབེབས་གནང་རྒྱུ།་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་།

དེ་བཞིན་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ནི་ཀོ་ལ་སེ་ ཝལ་ཌར་ (Hon. Nicolas Walder, Member of Parliament, Switzerland & Co-President of Switzerland Parliamentary Group of Tibet) མཆོག་དང་། སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་བྷལ་ཐ་སར་ གྷ་ལེ་ཊི་ལི་ (Hon. Balthasar Glättli, Member of Parliament, Switzerland & Member of Swiss Parliamentary Group for Tibet) མཆོག སི་ཀོ་ཊི་ལན་ཌི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་ཀོ་ལེ་ཊི་ སི་ཊེ་ཝེན་སན་ (Hon. Collette Stevenson, Member of Parliament, Scotland & Member of Scottish Parliament Cross-Party Group for Tibet) མཆོག ལི་ཐུ་ཝི་ནི་ཡའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལཡེ་མ་ ལེའུ་སི་ཇཱ་ (Hon. Laima Liucija Andrikienė, Member of Parliament, Lithuania) མཆོག ཨིན་ཇིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ཊིམ་ ལའོ་ཊོན་ (Hon. Tim Loughton and Hon. Chris Law, Members of Parliament, UK & Co-Chairs of All Party Parliamentary Group for Tibet) མཆོག ཨིན་ཇིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨི་ཡན་ ཌུན་ཀན་ སི་མི་ཏི་ (Hon. Sir Iain Duncan Smith, Member of Parliament,UK & Co-Founder of IPAC) མཆོག ཊན་མག་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨུ་ཧྤི་ ཨེལ་བྷེག་ (Hon. Uffe Elbæk, Member of Parliament, Denmark) མཆོག རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇི་ཏ་ ཀུ་མར་ (Hon.Sujeet Kumar, Convener of All Party Indian Parliamentary Forum for Tibet) མཆོག འཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཁལ་ བྷ་ཏན་ཌི་ (Michael Brand, Chair of the German Parliamentary Friends of Tibet) མཆོག ཨི་ཊ་ལི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལུ་སེཡ་ནོ་ ནོ་བྷི་ལི་ (Hon. Luciano Nobili, Chair of Italy Parliamentary Group for Tibet) མཆོག སི་ཀོ་ཊ་ལན་ཌི་གྲོས་ཚོགས་འཐུས་མི་སྐུ་ཞབས་རོ་སི་ གྷི་རིན་ (Hon. Ross Greer, Member of Parliament, Scotland) མཆོག ཨི་ཊ་ལི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་རོ་བྷར་ཊོ་ རམ་པི་ (Hon. Roberto Rampi, Member of Italian Parliamentary Group for Tibet) མཆོག་བཅས་ནས་བརྙན་ལམ་བརྒྱུད་གོང་གི་བརྗོད་གཞིའི་ཐོག་གསུང་བཤད་གནང་སོང་།

ཚོགས་ཐུན་བཞི་པར། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་བའི་ཐོག ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Hon tshiong-tso lim) མཆོག་དང་། ཡུ་གུར་རྒྱལ་ཡོངས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཌོལ་ཀུན་ ཨི་ས་ (Dolkun Isa, President of World Uyghur Congress) ལགས་དང་། ཧོང་ཀོང་མང་གཙོ་ལྷན་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇེ་ཧྥེ་རི་ ངུ་ (Jeffery Ngo, Hong Kong Democracy Council) ལགས། ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་དང་། གནས་ཚུལ་བསྟི་གནས་ཁང་གི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཨིན་གྷི་བྷ་ཊུ་ ཊོ་གྷོ་ཆོག་ (Enghebatu Togochog, Executive Director, Southern Mongolian Human Rights and Information Center) ལགས། རྒྱ་གར་གྲོས་མོལ་ཞེས་པའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝང་ ཌན་ (Wang Dan, President of China Dialogue) ལགས་བཅས་ཀྱིས་ “ཐུན་མོང་གི་དཀའ་ངལ་ཐོག་མཉམ་རུབ་ཀྱིས་གདོང་ལེན་གནང་ཕྱོགས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།

དེ་རྗེས། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མའི་བོད་དོན་འབྲེལ་མཐུད་ཚོགས་པ་ (International Network of Parliamentarians on Tibet (INPat)) སླར་གསོ་གནང་བའི་གསལ་བསྒྲགས་དང་། དྲ་རྒྱ་གསར་པ་ (www.inpat.org) དབུ་འབྱེད་གནང་བ་དང་། དེ་ནས་ཚོགས་འདུའི་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་སློབ་དཔོན་སྐུ་ཞབས་མེ་ཀལ་ ཝན་ ལྦལ་ཊ་ པཱ་རག་ (Prof. Michael Van Walt Praag) མཆོག་གིས་ཝ་ཤིང་ཊོན་སྤྱི་བསྒྲགས་ (Washington Declaration) དང་། ཝ་ཤིང་ཊོན་ལག་བསྟར་འཆར་གཞི་ (Washington Action Plan) སྙན་སྒྲོན་གནང་རྗེས། སྤྱི་མོས་ཐོག་གཏན་འབེབས་དང་། དེ་བཞིན་ཅེ་ལི་ (Chile) དང་། མེག་སི་ཀོ།(Mexico) ཨེལ་སལ་ཝར་ཊོར་ (El Salvador) བཅས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་གསུམ་གྱི་ཚོགས་བཅར་བ་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་དང་འབྲེལ་བའི་ཐུན་མོང་གི་བསྒྲགས་གཏམ་ཞིག་ཀྱང་སྤེལ་གནང་སོང་།

མཐར་མཇུག་བསྡོམས་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས། རྒྱལ་ཁབ་ཁག་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་རྣམ་པ་ད་རེས་ཀྱི་ཚོགས་ཆེན་དུ་ཕེབས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཆབས་ཅིག་ཁོང་རྣམས་ཚོགས་འདུར་ཕེབས་པ་དེས། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ནང་བོད་ཀྱི་རྩ་དོན་བརླག་མེད་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་པ་མ་ཟད། བོད་ནང་རྒྱ་ནག་དམར་གཞུང་འོག་གདུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་མི་རྣམས་ལའང་སེམས་ཤུགས་སྤར་ངེས་ཡིན་སྐོར་གསུངས་པ་དང་། དེ་བཞིན་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། བོད་མི་རྣམས་རྒྱ་གར་ལ་བཙན་བྱོལ་དུ་སླེབས་ཏེ། རིམ་པས་སྒྲིག་འཛུགས་དང་། གཞུང་འབྲེལ་མིན་པའི་ཚོགས་པ། སྒེར་བཅས་ངོས་ནས་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་ནི་ཡིད་ཆེས་བྱེད་ཐབས་མེད་པ་ཞིག་ཡིན་སྐོར་ཞུས་བསྡད་ཡོད་ཀྱང་། སྐབས་དེ་དུས་རྒྱལ་སྤྱིའི་ནང་དེ་ཙམ་གྱི་དོ་སྣང་གནང་མེད་སྐོར་དང་། ད་རེས་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཤུགས་ཆེར་ཕྱིན་པ་དེས། རྒྱ་ནག་གི་འགོ་ཁྲིད་ཚོའི་གདོང་རིས་ངོ་མ་གསལ་པོར་བསྟན་ཡོད་སྐོར། དེ་བཞིན་ཞི་ཅིང་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་གཞུང་གི་རྒྱ་བསྐྱེད་རིང་ལུགས་ཀྱི་བསམ་བློ་ཡོད་པ་དེས། རང་དབང་ལྡན་པའི་རྒྱལ་ཁབ་སུ་ལའང་ཉེན་ཁ་འཕྲད་སྲིད་པའི་སྐོར།

རྒྱ་ནག་དམར་གཞུང་འོག རྒྱ་ནག་གི་མི་མང་དཀྱུས་མ་རྣམས་གདུག་སྦྱོང་མནར་གཅོད་གཅིག་མཚུངས་མྱོང་བཞིན་ཡོད་སྐོར། ཡུ་གུར་མི་རིགས་དང་། ཧོང་ཀོང་། ཐེ་ཝན། ནང་སོག དེ་བཞིན་བསམ་ཕྱོགས་མཐུན་པའི་མི་མང་ཚང་མས་མཉམ་རུབ་ཀྱི་ཐོག་ནས་ཐུན་མོང་གི་དཀའ་ངལ་ཁག་ལ་གདོང་ལེན་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་གནང་བ་དང་། མཐར་ཚོགས་བཅར་བ་གྲོས་ཚོགས་འཐུས་མི་རྣམ་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྣེ་ཁྲིད་པའི་བཀའ་ཤག ཕྱི་དྲིལ་བཀའ་བློན། དོན་གཅོད་རྣམ་པ། ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་། (NED) རྒྱལ་སྤྱིའི་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་།(NDI)  ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་རྣམ་པ་སོགས་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་རྗེས། ཐེངས་འདིའི་ཚོགས་ཆེན་དེ་བཞིན་རྒྱལ་ཁའི་ངང་མཇུག་བསྒྲིལ་གནང་ཡོད་པ་བཅས། །