རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་གཟབ་རྒྱས་ངང་དབུ་འཛུགས་གནང་བ།

༄༅། །ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་གཙོ་བོར་གྱུར་པའི་ཨ་རིའི་གྲོས་ཚོགས་ནས་རྒྱབ་སྐྱོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག དེ་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༢ ནས་ ༢༣ བར་ཉིན་གཉིས་རིང་གི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་དངོས་སུ་དབུ་འཛུགས་གནང་སོང་།

ད་རེས་ཀྱི་ཚོགས་ཆེན་འདིའི་ཐོག་ཨ་རི་གཙོས་པའི་རྒྱལ་ཁབ་ཁག་མི་འདྲ་བ་ ༢༨ ཀྱི་གྲོས་ཚོགས་འཐུས་མི་མཉམ་ཞུགས་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་མཆོག དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག བོད་མི་མང་སྤྱི་འཐུས་ཁག་ཅིག ཕྱི་དྲིལ་དྲུང་ཆེ། སྐུ་ཚབ་དོན་གཅོད་རྣམ་པ། གཞན་ཡང་ཕྱི་ནང་གི་མཁས་དབང་དང་། མི་རིགས་འདྲ་མིན་གྱི་ལས་འགུལ་བ་སོགས་ཚོགས་བཅར་བ་ཁྱོན་མི་གྲངས་ ༡༠༠ ལྷག་ཙམ་དངོས་སུ་ཆེད་ཕེབས་དང་། དྲྭ་ཐོག་ནས་ལྷན་ཞུགས་གནང་འདུག

དེ་ཡང་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོ་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཁང་ (Senate Dirksen Building, Capitol Hill) ནང་འཚོགས་ཤིང་། ཚོགས་འདུའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆ་ཌི་གྷེར་ (Richard Gere) ལགས། ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་ཌ་མོན་ ཝིལ་སན་(Mr. Dalmon Wilson) ལགས། ལྷན་ཚོགས་སུ་ཕེབས་པའི་ཚོགས་བཅར་བ་ཡོངས་རྫོགས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཚང་མར་དགའ་བསུའི་འཚམས་འདྲི་དང་སྦྲགས་གསུང་དོན།

ད་བར་རྒྱལ་ཁབ་ཁག་འདྲ་མིན་ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་བསྐོང་ཚོགས་གནང་ཡོད་ཅིང་། དེ་ཡང་གཙོ་བོ་རྒྱལ་ཁབ་དེ་དག་ནང་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་མཉམ་རུབ་ཀྱིས་ནུས་པ་སྤུངས་པར་བརྟེན་ནས་ཚོགས་ཆེན་དེ་རྣམས་བསྐོང་ཚོགས་ཐུབ་པ་བྱུང་བ་ཞིག་རེད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གསུམ་པ་དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷེན་ཇ་མིན་གྷིལ་མེན་ (Benjamin Gilman) དམ་པ་མཆོག་དང་། ད་ལྟའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་ཚུད་པའི་སྐུ་ཞབས་ཁོང་གིས་སྣེ་ཁྲིད་པའི་ཚོགས་ཆུང་ནས་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བརྟེན་ནས་ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་བསྐོང་ཚོགས་གནང་ཐུབ་ཡོད་པ་དང་། དེ་བཞིན་ད་རེས་ཀྱི་ཚོགས་ཆེན་དེ་ཡང་གཙོ་བོ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་གིས་གཙོས་བོད་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གྲོགས་པོ་ཨ་རིའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་རྒྱབ་སྐྱོར་གནང་བར་བརྟེན་ནས་བསྐོང་ཚོགས་གནང་ཐུབ་པ་བྱུང་ཡོད་ཅེས་དང་། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་རྒྱ་དམར་གཞུང་གིས་སོ་སོའི་ཆབ་སྲིད་ཀྱི་ཁེ་ཕན་ཆེད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ཇུས་ངན་བཏོན་དང་འདོན་བཞིན་པ་དེེར་དགག་པ་མཐའ་གཅིག་ཏུ་ཡོད་སྐོར་དང་། རྒྱལ་སྤྱིའི་རང་དབང་ལྡན་པའི་རྒྱལ་ཁབ་ཁག་ནས་ཀྱང་དེ་ལྟར་ངོ་རྒོལ་གནང་དགོས་པའི་འབོད་སྐུལ་བཅས་ཞུས་གནང་བ་དང་། གཞན་ཡང་བོད་ལ་ལོ་ངོ་སྟོང་ཕྲག་ལྷག་གི་རིང་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐོག་ཐབས་ཤེས་ཡོད་རྒུས་འབད་བརྩོན་གནང་བཞིན་ཡོད་སྐོར། ཨ་རིའི་གཞུང་གིས་བོད་དོན་ཁྲིམས་འཆར་གཏན་འབེབས་གནང་བ་ལྟར། རྒྱལ་ཁབ་གཞན་ནས་ཀྱང་དེ་ལྟར་བོད་དོན་ཁྲིམས་འཆར་གཏན་འབེབས་གནང་རྒྱུའི་འབོད་སྐུལ་ཞུས་པ་སོགས་ཀྱི་གསུང་བཤད་གནང་བ་དང་།


དེ་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་བཀའ་སློབ་སྩལ་དོན། དེ་རིང་ཝ་ཤིང་ཊོན་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་མང་པོ་ཞིག་གི་མི་སྣ་འཛོམས་ནས་བོད་དོན་སྐོར་གོ་བསྡུར་གནང་གི་ཡོད་པ་རེད། ཁྱེད་ཚོ་ཚང་མར་བཀའ་དྲིན་ཆེ་ཞེས་ཞུ་ཡི་ཡོད། ང་ཚོ་བོད་ཀྱི་དོན་དག་དེ་ཕྱོགས་གཅིག་ནས་བདེན་དོན་རེད། གཉིས་ནས་བོད་ཀྱི་དོན་དག་དེ་སེམས་ཁམས་རིག་པའི་སེམས་ཀྱི་ཞི་བདེ་དང་། བྱམས་བརྩེ། དེ་འདྲའི་ཤེས་ཡོན་གཙོ་བོ་ཡིན་པ་ཞིག་ཆགས་བསྡད་ཀྱི་ཡོད་དུས། བོད་དོན་དེ་བཞིན་ཆབ་སྲིད་ཀྱི་སྐད་ཆ་གཅིག་པུ་མ་རེད། གང་ལྟར་བོད་ཀྱི་རིག་གཞུང་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ་དང་། དེ་ཡང་ཡིད་ཆེས་གཅིག་པུ་མ་ཡིན་པར། རྒྱུ་མཚན་ལ་བརྟེན་ནས་སེམས་ཁམས་རིག་པ་དང་འབྲེལ་ནས་སེམས་ལ་ཞི་བདེ་བསྒྲུབ་རྒྱུ་ཞིག་དང་། རྒྱ་གར་མཁས་པའི་རིག་གཞུང་སྤུས་དག་ཤོས་ཤིག་དུས་རབས་བརྒྱད་པའི་ནང་མཁན་ཆེན་ཞི་བ་འཚོ་བོད་ནང་ཕེབས་ནས་རིག་གཞུང་ཆགས་བསྡད་ཡོད་རེད། དེས་རང་བཞིན་གྱིས་ང་ཚོ་བོད་པ་ཚོ་ཆུང་ཆུང་ནས་འབུ་མ་གསོད་ཟེར་བ་འདྲ་པོ། དེ་འདྲའི་སྙིང་རྗེའི་རྣམ་འགྱུར་དེ་ཆུང་ཆུང་སྐབས་ནས་གོམས་གཤིས་ཡོད་བསྡད་པའི་མི་རིགས་ཤིག་ཆགས་བསྡད་ཀྱི་ཡོད་རེད། དེ་འདྲའི་མི་རིགས་འདིའི་བཟང་པོའི་གོམས་གཤིས་ཡོད་བསྡད་པ་དེ་བོད་མི་ཙམ་མ་ཡིན་པར་རིམ་པས་འཛམ་བུ་གླིང་གི་ས་ཆ་འདིའི་སྒང་ལ་རིམ་པས། བྱམས་བརྩེ་ཟེར་བ་དེའི་ཐོག་དོ་སྣང་གསར་པ་ཞིག་སླེབས་པ་དང་། དེའི་ཐོག་ལ་བོད་མི་རིགས་ཀྱི་ཤེས་ཡོན་ཡོད་མཁན་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་ཞབས་འདེགས་བསྒྲུབ་ཐུབ་རྒྱུར་ང་ཚོས་འབད་བརྩོན་བྱེད་ཀྱི་ཡོད་ལ། འབད་བརྩོན་བྱས་ན་ང་ཚོར་གོ་སྐབས་ཡག་པོ་ཞིག་ཡོད་པ་འདྲ་པོ་ཡོད། དེ་ང་ཚོ་བོད་གཅིག་པུའི་དོན་དག་མ་རེད། འཛམ་གླིང་སྤྱི་ཡོངས་ལ་ཞི་བདེ་ལ་དགའ་བ་ཞིག་རེད། ཞི་བདེའི་རྩ་བ་དེ་སེམས་པ་བཟང་པོ་བྱེད་རྒྱུ་དེ་ཆགས་བསྡད་ཡོད་རེད།

ང་རང་ཚོ་སེམས་པ་བཟང་པོ་བྱེད་རྒྱུ་ཟེར་མཁན་དེ་ང་རང་ཚོ་མངལ་སྐྱེས་ཀྱི་སེམས་ཅན་དུད་འགྲོ་ཚུན་ཆད་ལ་སྐྱེས་མ་ཐག་པ་ནས་མའི་བྱམས་བརྩེས་འཚོ་བསྡད་པ་ཞིག་ཆགས་བསྡད་ཡོད་རེད། བྱས་ཙང་རང་བཞིན་ལྷན་སྐྱེས་ཀྱིས་ང་རང་ཚོ་སྲོག་ཆགས་དུད་འགྲོ་ཚུན་ཆད་བྱམས་བརྩེས་དང་། མའི་ནུ་ཞོས་འཚོ་བསྡད་པ་ཞིག་ཆགས་བསྡད་ཡོད་རེད། སྐྱོན་ཆ་འདྲ་པོ་དེ། ཤེས་ཡོན་གྱི་སྡེ་ཚན་ནང་ལ་ཞུགས་ཡོང་དུས། ཤེས་ཡོན་གྱི་སྡེ་ཚན་ནང་ལ་སྤྱིར་བཏང་ནུབ་ཕྱོགས་ནས་ཡང་ཡོང་བསྡད་པའི་དངོས་ཁམས་རིག་པ་གཙོ་བོ་བྱས་པ་མ་གཏོགས། སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུའི་སྐོར་ལ་མི་འདུག དེེང་སང་ནུབ་ཕྱོགས་པའི་མཁས་དབང་དང་། སེམས་ཁམས་རིག་པ་སྨྲ་མཁན་ཁ་ཤས་ཀྱིས་ང་ཚོས་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུའི་བྱམས་བརྩེ་ཟེར་བ་དེར་དོ་སྣང་གསར་པ་ཞིག་ཡོང་བསྡད་ཀྱི་འདུག བྱས་ཙང་ང་རང་ཚོས་སེམས་ཁམས་རིག་པ། སེམས་ཀྱི་ཞི་བདེ་དང་། བྱམས་བརྩེ་གོང་སྤེལ་གཏོང་རྒྱུའི་སེམས་ཁམས་རིག་པའི་ཤེས་ཡོན་དེ་དང་། དེང་དུས་འཛམ་བུ་གླིང་གི་དངོས་པོ་ཡར་རྒྱས་ཀྱི་ཤེས་ཡོན་གཉིས་ཟུང་དུ་འབྲེལ་ནས་ཡོང་ཐུབ་ཀྱི་རེད། སུ་དང་སུ་ཡིན་ཡང་བདེ་སྐྱིད་འདོད་མཁན་ཤ་སྟག་རེད། བདེ་སྐྱིད་ཀྱི་རྩ་བ་དེ་སེམས་པ་བཟང་པོ་བྱེད་ཡག་དེ་རེད། མི་གཅིག་ཡིན་ཕྱིན་ཆད་ཚོར་བ་ཡོད་པ་དང་། ང་རང་ཚོ་ལྟོ་གྲོད་པ་གང་དང་། འཕྲལ་སེལ་གྱི་རྩེད་མོ་རྩེད་རྒྱུ་ཙམ་ཁ་ཤས་ཡོད་པས་ཕན་གྱི་ཡོད་མ་རེད། སེམས་ལ་བྱམས་བརྩེའི་ཚོར་བ་ཞིག་ཡོད་པ་བྱུང་ན། སོ་སོ་གང་དུ་ཡོད་སའི་ནང་སེམས་སྐྱིད་པ་ཡོང་གི་འདུག དེ་འདྲ་ཡིན་དུས། ང་རང་ཚོ་བོད་ཀྱི་དངོས་གནས་རིག་གཞུང་དེ་སེམས་ཁམས་རིག་པ་དང་འབྲེལ་ནས། ཆོས་ཀྱི་སྐད་ཆ་གཅིག་པུ་མ་རེད། ལྷ་གསོལ་དང་ཀླུ་གསོལ་གྱི་སྐད་ཆ་ཙམ་མ་རེད། ཆོས་མེད་མཁན་ཞིག་ཡིན་པ་ཡིན་ནའང་སེམས་པ་བཟང་པོ་བྱས་ན་སྐྱིད་པ་ཡོད་རེད་པཱ། དེ་འདྲ་ཡིན་དུས། ང་ཚོ་བོད་ཀྱི་དངོས་གནས་དྲང་གནས་ཀྱི་རིག་གཞུང་གཙོ་བོ་དེ་བྱམས་བརྩེ་དེ་རེད་འདུག ང་ཚོ་བཙན་བྱོལ་ལ་སླེབས་བསྡད་ཡོད་རེད་དེ། ག་ཚོད་ཐུབ་ཐུབ་ཀྱིས་རིག་གཞུང་དེ་བཞིན་བདག་པོ་བརྒྱབ་ནས་བསྡད་ཡོད་རེད། དེས་ནུས་པ་འདྲ་པོ་ཞིག་ཐོན་གྱི་འདུག དཔེར་ན་ངོས་རང་འདྲ་པོ་ཞིག་ལ་ཆ་བཞག་ནའང་། དེ་འདྲའི་ཐོག་ནས་འཚར་ལོངས་བྱུང་བ་ཞིག་ཆགས་ཡོད་དུས། ག་བར་ཕྱིན་པ་ཡིན་ནའང་བྱམས་བརྩེ་ཟེར་བ་དེ་འགྲེལ་བཤད་བརྒྱབ་བསྡད་ཀྱི་ཡོད། དེ་འདྲ་ཡིན་དུས། དེ་རིང་རྒྱལ་སྤྱིའི་ཚོགས་འདུ་དེ་འདྲ་ཞིག་ཚོགས་པའི་སྐབས་སུ་གཙོ་བོ་བོད་ཀྱི་ཆབ་སྲིད་ཀྱི་དཀའ་ངལ་རེད་ལ། གཙོ་བོ་བོད་ཀྱི་རིག་གཞུང་དེ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་སྤེལ་ཡོང་རྒྱུར་ཐུགས་ཁུར་ཤུགས་ཆེ་ཙམ་བཞེས་ཐུབ་ན། དེ་ང་ཚོ་ཆབ་སྲིད་ཀྱི་ཐོག་ནས་རང་བཙན་རྩོད་ཀྱི་ཡོད་མ་རེད། སྔོན་མ་ལོ་ཁ་ཤས་གོང་ནས་ངོས་ཀྱིས་གསལ་པོ་བཤད་ཡིན། ང་ཚོ་རང་བཙན་རྩོད་ཀྱི་མེད། བོད་ཀྱི་རིག་གཞུང་དང་། སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དེ་གལ་ཆེན་པོ་འདུག་ཅེས་བཤད་བསྡད་ཀྱི་ཡོད། ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་དང་འགལ་ཟླ་འགྲོ་དགོས་པ་མི་འདུག ད་རིང་ཁ་སང་རྒྱ་ནག་ནང་ལ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་འགྲོ་བསྡད་ཀྱི་འདུག དེ་འདྲའི་གནས་སྟངས་འོག་ནས་ང་ཚོ་བོད་ཀྱི་ཆོས་དང་། རིག་གཞུང་དེ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་སྤེལ་ཡག་པོ་ཞིག་བྱུང་ཐུབ་ན། བོད་མི་རིགསགཅིག་པུ་མ་ཡིན་པར། ཧོར་གྱི་སོོག་རིགས་ཁག་དེ་དག་དང་། དེ་ནས་མར་ཆེ་ས་རྒྱ་ནག་ནང་ཆ་བཞག་ན། བོད་ཀྱི་སེམས་པ་བཟང་པོ་དང་། ཡ་རབས་བྱ་རྒྱུའི་རིག་གཞུང་དེ། རྒྱ་ནག་འཛམ་བུ་གླིང་གི་ནང་གི་མི་འབོར་ཆེ་ཤོས་ཡོད་པའི་རྒྱལ་ཁབ་འདིའི་ནང་དངོས་གནས་དྲང་གནས་ཀྱི་ཕན་ཐོགས་ཡོད་བསྡད་པ་ཆགས་བསྡད་འདུག དེ་ཆོས་དང་འབྲེལ་ནས་ཆོས་པ་བྱེད་དགོས་རེད་ཟེར་གྱི་ཡོད་མ་རེད། ནང་པ་བྱེད་དགོས་རེད་ཟེར་གྱི་ཡོད་མ་རེད། སོ་སོ་ཆོས་དད་ཡོད་ནའང་རེད། མེད་ནའང་རེད། མི་བཟང་པོ་ཞིག་བྱེད་རྒྱུ་ཞིག དེ་ང་ཚོ་སྐྱེས་ཙམ་ཉིད་ནས་ཨ་མས་བྱམས་པོ་བྱས་བསྡད་པའི་བྱམས་བརྩེའི་རྣམ་འགྱུར་དེ་ཆོས་དང་འབྲེལ་བསྡད་མི་འདུག་གཱ དེ་རང་བཞིན་ལྷན་སྐྱེས་ཀྱི་ཡོང་བསྡད་ཀྱི་འདུག བྱས་ཙང་ང་ཚོ་དེ་འདྲའི་སེམས་པ་བཟང་པོ་བྱེད་ཡག་གི་དམིགས་ལྟོས་དེ་ང་ཚོ་བོད་པར་ཡག་པོ་ཞེ་དྲག་ཡོད་རེད། དེ་ཕར་རྒྱ་བསྐྱེད་ཐུབ་ན། མི་མང་པོར་ཕན་ཐོགས་ཡོད་རེད་བསམ་པ་དྲན་བསྡད་ཀྱི་ཡོད། ངོས་རང་ལ་ཆ་བཞག་ནའང་། ངས་མཐའ་གཅིག་ཏུ་ནང་ཆོས་སྤེལ་དགོས་རེད་ཟེར་གྱི་མེད། གང་ལྟར་སེམས་པ་བཟང་པོ་བྱེད་དགོས་རེད་ཅེས་ཤོད་ཀྱི་ཡོད། དེ་རིང་ཁྱེད་རང་ཚོ་ཚོགས་འདུ་འདིའི་ཐོག་ལ་བོད་ཀྱི་རིག་གཞུང་གི་སྙིང་པོ་འདྲ་པོ་དེ་སེམས་པ་བཟང་པོ་བྱེད་དགོས་པ་དེ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་སྤེལ་ཡོང་རྒྱུའི་ཐོག་ལ་ཁྱེད་རང་ཚོས་དགོངས་པ་ཏོག་ཙམ་བཞེས་ནས་དེང་དུས་ཀྱི་ཤེས་ཡོན་སྡེ་ཚན་ནང་ལོགས་ལ་ཆོས་དང་མ་འབྲེལ་བའི་ཡ་རབས་ཀྱི་སྤྱོད་པ་བསླབ་རྒྱུའི་ཐོག་ཤུགས་བརྒྱབ་ཐུབ་ན། དེས་ཕན་ཐོགས་ཡོང་ཐུབ་ཀྱི་རེད་བསམ་པ་དྲན་གྱི་འདུག དེ་ཙམ་ཡིན། ཐུགས་རྗེ་ཆེ་ཞེས་གསུངས་གནང་ཡོད།

དེ་ནས་སྐུ་མགྲོན་གཙོ་བོ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་གིས་གཙོ་བོ་གསུང་དོན། ཨ་རིའི་གཞུང་ནས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་དང་། ཚོགས་བཅར་བ་ཡོངས་ནས་བོད་དོན་ཐོག་ཐུགས་ཁུར་བཞེས་ཏེ་ཚོགས་འདུར་ཕེབས་པར་བསྔགས་བརྗོད་དང་། གཞན་ཡང་རྒྱ་དམར་གཞུང་གིས་ཆུང་སྲིད་པཎ་ཆེན་རིན་པོ་ཆེ་མཆོག་བཙན་ཁྲིད་དང་། བོད་མི་རྣམས་བཙན་ཤེད་ཀྱིས་ཆབ་སྲིད་སློབ་སྦྱོང་བྱེད་བཅུག་གི་ཡོད་པ། ཆོས་དད་རང་དབང་མེད་པ། སོ་ལྟའི་ཡོ་ཆས་གང་སར་བཙུགས་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུངས་གནང་བ་དང་། གཞན་ཡང་རྒྱ་ནག་གཞུང་གིས་ལོ་ངོ་བཅུ་དྲུག་དུ་མའི་རིང་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པ་དེས། རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་དང་། ཆོས་དད། རང་དབང་སོགས་ལ་བརྩི་བཀུར་བྱེད་ཀྱི་མེད་པ་གསལ་པོ་བསྟན་ཡོད། བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སུ་རྒྱལ་ཁབ་ཁག་འདྲ་མིན་ནས་གྲོས་ཚོགས་འཐུས་མི་འཛོམས་ཏེ་ཚོགས་འདུ་འདི་འདྲ་འཚོགས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་ཅེས་དང་། རྒྱ་ནག་གཞུང་གི་གདུག་རྩུབ་ལ་ངོ་རྒོལ་དང་། བོད་མི་རྣམས་ཀྱི་རྒྱབ་ཏུ་ལངས་རྒྱུར་འཛམ་གླིང་མི་མང་ཡོངས་ལ་བཟང་སྤྱོད་ཀྱི་འགན་ཡོད་སྐོར་སོགས་གསུངས་གནང་སོང་།

དེ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆ་ཌི་གྷེར་(Richard Gere) ལགས་དང་།

ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་ཌ་མོན་ ཝིལ་སན་ (Mr. Dalmon Wilson) ལགས་བཅས་ནས་གསུང་བཤད་གནང་རྗེས་དབུ་འབྱེད་མཛད་སྒོ་གྲུབ་གནང་སོང་།

དེ་རྗེས་སྔ་དྲོ་ཚོགས་ཐུན་གཉིས་པར། ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཀལ་ ཇར་ཤ་མན་ (Mr. Carl Gershman, Former President of National Endowment for Democracy, USA) མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་བའི་ཐོག ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་གིས་ “ཨ་རིའི་གྲོས་ཚོགས་ནས་བོད་དོན་ཐོག་ལས་དོན་གནང་ཕྱོགས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྗེས།

རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམ་པས་སོ་སོའི་རྒྱལ་ཁབ་ནང་བོད་དོན་ཐོག་ལས་དོན་སྤེལ་ཕྱོགས་སྐོར་ལ་དགོངས་ཚུལ་དང་བཀའ་བསྡུར་ལྷུགས་པོ་གནང་སོང་།

ཉིན་རྒྱབ་ཚོགས་ཐུན་གསུམ་པར། ཕ་རན་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨན་ཌི་རེ་ གྷ་ཊོ་ལིན་ (André Gattolin) མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་བའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་དང་། དེ་རྗེས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇཱ་ནི་ཊི་ རཡེ་སི་ (Hon. Senator Janet Rice) མཆོག་དང་། ལ་ཊི་ཝི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨུ་ལི་ཌིས་ བྷུ་ཌི་རི་ཀི་སི་ (Uldis Budriķis) མཆོག ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབ་ཝི་ར་ནི་ (Arif Virani) མཆོག་བཅས་ནས་་ “ད་ལྟའི་འཛམ་གླིང་ནང་མང་གཙོའི་འོས་བབ་དང་། གདོང་ལེན་གནང་ཕྱོགས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།

གཞན་ཡང་ཚོགས་ཐུན་འདིའི་སྐབས་ “སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་མང་གཙོ།” ཞེས་པའི་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་གནང་ཡོད།

དེ་ཉིན་ཚོགས་ཐུན་མཐའ་མར། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཌི་ ནི་ནོ་ (Di Nino, Former Senator of Canada) མཆོག་གིས་གཙོ་སྐྱོང་གནང་བའི་ཐོག ཕ་རན་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇཱ་ཁུས་ལན་ཨེ་སུཊ་ཆེ་བེ་རི་ནེའོ་ (Jacqueline Eustache Brinio, President of French Senate Tibet Support Group) མཆོག་དང་། ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇ་ནི་ཊ་ རཡེ་སི་ (Senator Janet Rice) མཆོག ཁེ་ན་ཌའི་ཨོན་ཊེ་རིའོ་ (Ontario) མངའ་སྡེའི་གྲོས་ཚོགས་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས། ཨིལ་སལ་ཝར་ཌོར་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོན་ ཊི་ནན་ཊི་ རེ་ཊི་ སོལ་ (Hon. John Tennant Wright Sol) མཆོག ཅི་ལི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཝ་ལ་ཌ་ མི་རོ་སེ་ཝིག་ ཝར་ཌུ་གྷོ་ (Hon. Vlada Mirosevic Verdugo) མཆོག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་རེག་ ཧིལ་སར་ (Hon. Marek Hilser) མཆོག་བཅས་ནས་ “བསམ་ཕྱོགས་མཐུན་པའི་རྒྱལ་ཁབ་དབར་ཕན་ཚུན་ཉམས་མྱོང་སྤེལ་རེས་གནང་སྟེ་མཉམ་ལས་དང་། འབྲེལ་མཐུད། ལག་བསྟར་འཆར་གཞི་བཅས་གཏན་འབེབས་གནང་རྒྱུ།་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅོ་ལྔ་ཐུན་མོང་ཐོག་གནང་བའི་ཡིག་ཆུང་སྒྲོག་སྦྱངས། དེ་བཞིན་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མི་ཀུ་ལ་ས་ པེག་ས་ (Hon. Mikulas Peksa, MEP & President of Tibet Interest Group) མཆོག་དང་། ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་སེ་མོལ་ ཁོ་གྷོ་ལ་ཊི་ (Hon. Dr Samuel Cogolati, MEP) མཆོག ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཐོ་མ་སེ་ མན་ (Hon. Thomas Mann) མཆོག ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀཱར་ལེས་ པཱོས་ཆི་ཌེ་མོན་ཊི་ (Hon. Carles Puigdemont, MEP) མཆོག ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ལོ་རན་ཊི་ ཝིན་ཛི་ (Hon. Lorant Vincze, MEP) མཆོག ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤི་མོ་མུ་ར་ ཧ་ཀུ་བྷུན་ (Hon. Shimomura Hakubun, Chairman of the Japanese Parliamentary Group for Tibet) ཧང་གྷ་རི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྥི་རན་སི་ གྷི་ལེན་སར་ (Hon Ference Gelencser) མཆོག ཨི་ཊ་ལི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ (Hon. Matteo Bianchi) མཆོག ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ཝ་རན་ ཨིན་ཊི་སི་ཆི་ (Hon. Warren Entsch, Co-Chair of All-Party Australian Parliamentary group for Tibet) མཆོག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨི་ཌི་ཝར་ཌི་ མར་ཀི་ (Hon. Edward John Markey, Senator, U.S) མཆོག་བཅས་ནས་བརྙན་ལམ་བརྒྱུད་གོང་གི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།

ད་བར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༧ ཚོགས་གནང་ཡོད་པ་དང་། ཚོགས་ཆེན་ཐེངས་དང་པོ་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་ཚོགས་གནང་ཡོད་པ་དང་། གཉིས་པ་ཕྱི་ལོ་ ༡༩༩༥ ལོར་ལི་ཐུ་ཝེ་ནི་ཡའི་གྲོང་ཁྱེར་ཝིལ་ནི་ཡ་ས་དང་། གསུམ་པ་ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན། བཞི་པ་ཕྱི་ལོ་ ༢༠༠༥ ལོར་སི་ཀོ་ཊི་ལེན་ཌིའི་རྒྱལ་ས་ཨི་ཌིན་བྷར། ལྔ་པ་ཕྱི་ལོ་ ༢༠༠༩ ལོར་ཨི་ཊ་ལི་རྒྱལ་ས་རོམ། དྲུག་པ་ཕྱི་ལོ་ ༢༠༡༢ ལོར་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝ། བདུན་པ་ཕྱི་ལོ་ ༢༠༡༩ ལོར་ལ་ཊི་ཝི་ཡའི་རྒྱལ་ས་རི་ག་བཅས་ལ་ཚོགས་གནང་ཡོད་པ་དང་། ད་ཐེངས་ཚོགས་ཆེན་འདི་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཚོགས་པ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་བཅས། །