རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པའི་སྐབས་ཀྱི་གནས་ཚུལ་དང་སྐུ་པར་ཁག

 རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པ་དེ་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་ཕྱི་ཟླ་ ༤ ཚེས་ ༢༧ ནས་ཚེས་ ༢༩ བར་ཉིན་གསུམ་རིང་ཚོགས་ཡོད་པ་དང། ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་མཛད་ཡོད་པ་མ་ཟད་བཀའ་སློབ་ཀྱང་སྩལ་ཡོད། ཚོགས་ཆེན་ཐོག་རྒྱལ་ཁབ་སུམ་ཅུ་ཙམ་གྱི་གྲོས་ཚོགས་འཐུས་མི་ལྔ་བཅུ་ལྷག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་གཙོས་སྤྱི་འཐུས་ ༡༦ དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་དང་། ཕྱི་དྲིལ་བཀའ་བློན་མཆོག  ཕྱི་དྲིལ་དྲུང་ཆེ། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་སོགས་ཁྱོན་མི་གྲངས་བརྒྱ་ལྷག་ཙམ་མཉམ་ཞུགས་གནང་ཡོད་པ་རེད།

ད་རེས་ཀྱི་ཚོགས་ཆེན་ཐོག་ཕྱི་ལོ་ ༢༠༠༩ ལོ་ཚུན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སོགས་ཀྱི་ལས་དོན་གལ་ཆེ་ཁག་ལ་བསྐྱར་ཞིབ་དང་འབྲེལ་བའི་མཇུག་གནོན་གནང་ཕྱོགས་དང། གཅིག་ལ་གཅིག་བརྟེན་གྱི་རྒྱ་ནག་དང་རྒྱལ་སྤྱིའི་སྐོར། ཁོར་ཡུག་སྐོར། རྒྱ་ནག་གི་འགོ་ཁྲིད་ལ་འགྱུར་བའི་དབང་གིས་བོད་དོན་ཐོག་ཤུགས་རྐྱེན་ཇི་འབྱུང་སྐོར། ཆོས་དད་རང་དབང་དང། སྤྱི་ཚོགས་བདེ་འཇགས་སྐོར་སོགས་བརྗོད་གཞི་ཁག་གི་ཐོག་བགྲོ་གླེང་བཀའ་བསྡུར་གནང་ཡོད་པ་མ་ཟད། གྲོས་ཚོགས་ཀྱི་འཐུས་མི་དྲུག་ཅུ་ཙམ་ཡོད་པའི་ཚོགས་ཆེན་དེས་ཨོ་ཊ་ཝའི་བསྒྲགས་གཏམ་ཞེས་པ་ཞིག་སྤེལ་ཡོད་པ་རེད། བསྒྲགས་གཏམ་གྱི་ནང་དོན་གཙོ་བོ་ནི། བོད་རྒྱ་གཉིས་ཞི་མོལ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་ནི་ཐབས་ལམ་ལེགས་ཤོས་ཤིག་ཡིན་པས་རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་ལྟར་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་བམ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་ལྷན་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་དགོས་པ་དང། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་དུ་མཁྲེགས་འཛིན་གྱི་སྲིད་བྱུས་འཛིན་ཏེ། བོད་མིའི་ལུས་སེམས་གཉིས་ཀར་འཕྲད་པའི་དཀའ་ངལ་དེ་དག་གང་མགྱོགས་སེལ་ཐབས་བྱ་རྒྱུ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་གཞི་མེད་ཀྱི་བསྙོན་འཛུགས་དང་མཚན་སྨད་ཞུ་རྒྱུ་མཚམས་འཇོག་བྱས་ཏེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་གནས་སོགས་འཁོད་ཡོད་པ་རེད།།

ཁ་ཎ་ཌའི་རྒྱལ་ས་ཨོ་ཊཱ་ཝར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་  པ་ཚོགས་སྐབས་ཀྱི་སྐུ་པར་ཁག་གཅིག

  

  

  

ཨོ་ཊ་ཝའི་བོད་དོན་བསྒྲགས་གཏམ་དབྱིན་ཡིག་ཐོག་གཟིགས་གནང་།