རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ཀྱིས་སྐུ་ལུས་མེར་སྲེག་གནང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣༠ ཉིན་རྒྱབ་ཆུ་ཚོད༣ པ་ཡས་མས་སུ་མདོ་སྨད་རྔ་པ་ཁུལ་འཛམ་ཐང་ཡུལ་ཚོའི་གཙང་སྡེ་བའི་རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ཀྱིས་རང་ལུས་མེར་སྲེག་གནང་ཡོད་པ་དང་། སྐབས་དེར་ས་གནས་ཉེན་རྟོག་པ་བསླེབས་ཏེ་མེ་གསོད་ཐབས་བྱས་ཡོད་ཀྱང་། མེ་འབར་ཤུགས་ཆེ་བས་བསད་མ་ཐུབ་པར་ས་གནས་དེ་ག་ལ་རང་ལ་སྐུ་གཤེགས་ཡོད་འདུག              དེའི་རྗེས་སུ་རྒྱ་གཞུང་གིས་བཙན་བཀའ་བཏང་སྟེ། རྒྱལ་གཅེས་དཔའ་མོ་ཁོང་གི་སྐུ་ཕུང་ཉིན་དེ་ག་རང་ལ་གང་མགྱོགས་ཞུགས་འབུལ་བྱེད་དགོས་པ་དང་། གལ་སྲིད་ཁོ་མོའི་སྐུ་ཕུང་ཉིན་དེ་ག་རང་ལ་ཞུགས་འབུལ་མ་གནང་ཚེ།  ཕྱིར་བཙན་འཕྲོག་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་པའི་རྐྱེན་གྱིས། ཉིན་དེའི་དགོང་མོའི་བོད་ནང་གི་ཆུ་ཚོད་ ༡༡ སྟེང་དགོན་པའི་ཉེ་འཁྲིས་རི་འདབས་ཀྱི་དུར་ཁྲོད་ནང་ཞུགས་འབུལ་བྱས་ཡོད་གནས་འདུག    ཕུང་པོ་ཞུགས་འབུལ་བྱེད་སར་འཛམ་ཐང་དགོན་ཆེན་གྱི་གྲྭ་ཚང་གསུམ་གྱི་གྲྭ་བ་ཆིག་སྟོང་ལྷག་གིས་འཕོ་འདེབས་དང་བསྔོ་སྨོན་མཆོད་འབུལ་གནང་གནས་ཡོད་འདུག དེ་བཞིན་གྲྭ་བཙུན་དང་ས་གནས་མང་ཚོགས་བཅས་ཁྱོན་མི་གྲངས་༥༠༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག་ལ། དགོང་མོར་ས་གནས་དེར་ཆར་ཤུགས་ཆེན་པོ་བབས་པའི་རྐྱེན་གྱིས་དཀའ་ངལ་ཆེན་པོ་འཕྲད་ཡོད་ཀྱང་། གྲྭ་བ་དང་མང་ཚོགས་རྣམས་ཀྱི་སེམས་ཤུགས་ཆེན་པོས་མཚན་མོའི་ཆུ་ཚོད་ ༣  པ་བར་དུ་བསྔོ་སྨོན་དང་མཆོད་འབུལ་འཚོགས་ནས་དུར་ཁྲོད་དུ་བསྡད་ཡོད་འདུག

 

རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ནི།  འཛམ་ཐང་བར་མ་ཡུལ་ཚོའི་གཙང་སྡེ་བ་ནས་ཡིན་ལ། འཚོ་གནས་འབྲོག་ལས་ཡིན་ཞིང་། ཁོ་མོ་ནམ་རྒྱུན་གྲོང་ཕན་ཚུན་མཐུན་ཐབས་ལ་འབད་པ་དང་། ཉམ་ཐག་ལ་རོགས་པ་བྱེད་པ། དགེ་སྦྱོར་ལ་འབད་བརྩོན་བྱེད་མཁན་ཞིག་ཡིན་འདུག་ལ། མེར་བསྲེགས་མ་བཏང་སྔོན་གྱི་ཉིན་མང་པོའི་ནང་ཉིན་མཚན་མེད་པར་ཕྱག་འཚལ་གྱིན་པའི་གནས་ཚུལ་ལ་གཞིགས་ཚེ། སྔོན་མ་ཞིག་ནས་ཁོ་མོའི་རང་ལུས་མེར་སྲེག་གཏང་རྒྱུར་གྲ་སྒྲིག་བྱས་ཡོད་པར་ས་གནས་མང་ཚོགས་ཀྱིས་ངོས་འཛིན་བྱེད་ཀྱིན་ཡོད་འདུག  ཁོང་ད་སྐབས་རང་ལོ་ ༣༦ ཡིན་པ་དང་། ཕ་མིང་ལ་ཕྱུག་ལོ་དང་། མ་མིང་ལ་རིན་ལྷ།   ཁྱོ་གའི་མིང་ལ་སྣང་སྟོང་ཟེར་ཞིང་། ཁོང་གཉིས་ལ་བུ་ཕྲུག་གསུམ་ཡོད་པའི་ཆེ་བ་བུ་གྲོལ་བཟང་ལོ་༡༧དང་།  འབྲིང་བ་བུ་མོ་སེམས་ལྷ་ལོ༡༤  དང་།  བུ་ཆུང་བ་ཀུན་ལུག་ལོ༡༠  རེད་ཡོད་འདུག

 

ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་མི་གྲངས་ ༣༨ བྱུང་ཡོད་པའི་ནང་ནས། འདས་གྲོངས་སུ་གྱུར་པ་ ༢༩ ཆགས་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་སྲེག་དང་། དམར་གསོད་ཀྱི་དོན་རྐྱེན་བྱུང་རིམ་བཞིན་གསར་འགོད་བསྒྲགས་གཏམ་རིམ་སྤེལ་བྱས་ཡོད་པའི་ནང། རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྒྱུར་བཅོས་བཏང་སྟེ།   བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་རེ་འདུན་ཏེ། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང། བོད་ལ་རང་དབང་དགོས་པ། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་པ་བཅས་ལ་ངེས་པར་དུ་བསམ་ཞིབ་བྱེད་དགོས་པ་ནན་བརྗོད་བྱས་ཡོད་ལ་ད་དུང་ཡང་དེ་བཞིན་བྱེད་རྒྱུ་ཡིན། བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་གཅིག་མཇུག་གཉིས་མཐུད་བྱས་ནས་ཡོང་གི་ཡོད་པས། རྒྱ་ནག་གཞུང་ལ་བདེན་རྫུན་འབྱེད་པའི་ཁྲིམས་ལུགས་དང་།   མི་མང་གི་བདེ་སྡུག་ལ་ལྟ་མཁན་གྱི་འགོ་འཁྲིད་ཡོད་ན། བོད་མི་ཚོའི་དགོས་འདུན་དང་རྒྱལ་སྤྱིའི་བཀོད་ཁྱབ་ཁག་ལ་འདི་ཡིན་དེ་མིན་གྱི་ལན་འདེབས་བྱེད་པའི་དུས་ལ་བབས་ཡོད།  དེ་མིན་རྒྱུན་ལྡན་ལྟར་ཟུར་བལྟས་ལེབ་མཐོང་ཡིན་པའི་དངོས་ཡོད་ཀྱི་གནས་ཚུལ་ལ། སྒྲོ་སྐུར་དང་འཁྱོག་བཤད། རྫུན་སྒྲིག་སྣ་ཚོགས་བྱས་དང་བྱེད་བཞིན་པ་ནི། དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ཆེས་མུན་ནག་གི་སྤྱི་ཚོགས་ཤིག་སྐྲུན་ཐབས་བྱས་པ་ཞིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་དང་།  རང་དབང་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་སྡེ། གནད་ཡོད་མི་སྣ། གསར་འགོད་པ། རྩོམ་པ་པོ་སོགས་ཡོངས་རྫོགས་ཀྱིས་བོད་མི་ཚོའི་དགོས་འདུན་དང་རྒྱ་ནག་གི་མི་སྤྱོད་ལས་འདས་པའི་དྲག་གནོན་དང་འཁྱོག་བཤད། རྫུན་སྒྲིག་སོགས་ལ་ཞིབ་འཇུག་དཔྱིས་ཕྱིན་བྱས་ནས་འཛམ་གླིང་ཞི་བདེའི་ཕྱོགས་སུ་བསྒྱུར་ཐབས་ལ་ངེས་པར་དུ་འབད་བརྩོན་གནང་བའི་དུས་བབས་ཡོད་ཅེས་ཛ་དྲག་གིས་ནན་ཞུ་བྱེད་རྒྱུ་ཡིན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣༡ཉིན།