རྒྱལ་གཅེས་དཔའ་མོ་ཕྱུག་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༦ ཉིན་རྒྱབ་ཆུ་ཚོད་ ༣ ཡས་མས་སུ་འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འགྲམ་དུ། རང་ལོ་ ༢༠ ཡིན་པའི་བོད་རིགས་བུད་མེད་ཕྱུག་མཚོ་ཞུ་བ་ཞིག་གིས། རྒྱ་ནག་གཞུང་གི་དྲག་གནོན་དང་ཕྱོགས་སུ་ལྷུང་བའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་སྐུ་གྲོངས་ཡོད་འདུག་པ་དང་། གནས་ཚུལ་མཁོ་སྤྲོད་པས་ས་གནས་ནས་གནས་ཚུལ་དངོས་འབྲེལ་བརྗོད་གནང་དོན་ལྟར་ན། ཁོང་མོས་རང་ལུས་མེར་སྲེག་གནང་སའི་ས་གནས་དེ་ག་རང་ལ་སྐུ་གྲོངས་ཡོད་པ་དང་། སྐབས་དེར་ས་གནས་མི་མང་གིས་ཁོང་གི་སྐུ་ཕུང་འཛམ་ཐང་ཇོ་ནང་དགོན་ཆེན་དུ་གདན་འདྲེན་ཞུས་ཏེ། རྒྱུན་བཞུགས་བླ་གྲྭ་རྣམས་ཀྱིས་འཕོ་ལུང་དང་བསྔོ་སྨོན་གསུངས་ཡོད་འདུག་ལ། དེ་ནས་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུས་ཡོད་འདུག དེའི་རྗེས་སུ་གནས་ཚུལ་འབྱོར་གསལ་ལྟར་ན། ས་གནས་རྫོང་སྲིད་གཞུང་དང་ས་གནས་ཉེན་རྟོག་ཁང་སོགས་ཀྱིས། སྔོན་མར་རང་ལུས་མེར་སྲེག་གནང་མཁན་དག་དང་གཅིག་མཚུངས་ཀྱིས་བཙན་བཀའ་བཏང་ནས། ཁོང་མོའི་སྐུ་ཕུང་ཉིན་དེའི་མཚན་མོར་ཞུགས་འབུལ་བྱེད་དགོས་བྱུང་ཡོད་འདུག་པ་དང་།  སྐབས་དེར་ཁོང་མོའི་ནང་མི་དང་སེར་སྐྱ་ཕོ་མོ་སྟོང་ཕྲག་མང་པོ་འདུ་འཛོམས་གྱིས་གདུང་སེམས་མཉམ་སྐྱེད་བྱས་ཡོད་འདུག རྒྱལ་གཅེས་དཔའ་མོ་ཕྱུག་མཚོ་ལགས་ཀྱི་ཕ་ཡུལ་ནི། མདོ་སྨད་འཛམ་ཐང་བར་མ་ཡུལ་ཚོ་ནས་ཡིན་འདུག་ལ། ཕའི་མིང་ལ་བསྟན་ཁོ་དང་མའི་མིང་ལ་སྒྲོན་སྐྱིད་ཟེར་ཞིང་། ཁོང་མོ་གཉེན་སྒྲིག་བྱས་ཏེ་ལོ་ངོ་ ༣ ཅན་གྱི་བྱིས་པ་ཞིག་ཀྱང་ཡོད་འདུག


རྒྱལ་གཅེས་དཔའ་བོ་ཕག་མོ་དོན་གྲུབ་ལགས།རྒྱལ་གཅེས་དཔའ་བོ་ཕག་མོ་དོན་གྲུབ་ལགས།ད་དུང་གནས་ཚུལ་གཞན་ཞིག་འབྱོར་གསལ་ལ། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༤ ཉིན་དཔའ་ལུང་དུ་རང་ལུས་མེར་སྲེག་གནང་མཁན་ཕག་མོ་དོན་གྲུབ་ལགས་ཉིན་དེ་རང་འདས་གྲོངས་སུ་གྱུར་ཡོད་པ་དང་། གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། ཉིན་དེར་ཕག་མོ་དོན་གྲུབ་ལགས་ཀྱི་སྐུ་ཕུང་གི་རུས་ཐལ་རེད་ཟེར་ནས་རྒྱ་གཞུང་གིས་ཁོང་གི་ཨ་ཕ་ལ་སྤྲད་པ་དང་མཉམ་དུ། གཞུང་གིས་ཆེད་གཏོང་མི་སྣས་ཡིག་ཆ་ཞིག་གི་སྟེང་དུ་བཙན་ཤེད་ཀྱིས་མཛུབ་ཐེལ་བཀོད་བཅུག་ཡོད་པའི་ཐད། ཁོང་གི་ཨ་ཕས། ངས་ཡི་གེ་ན་གཅིག་ཀྱང་ཤེས་ཀྱི་མེད་རུང་གཞུང་གིས་ཆེད་གཏོང་མི་སྣས་ངའི་རྐང་ལག་བསྡམས་ནས་བཙན་ཤེད་ཀྱིས་མཛུབ་ཐེལ་བརྒྱབ་བཅུག་བྱུང་ཞེས་འགྱོད་པ་ཆེན་པོས་གསུངས་ཀྱི་འདུག་ཅེས་གསུངས་བྱུང་། དེས་ན་ཕྱི་ལོ་༢༠༠༩།༢།༢༧ ནས་ ༢༠༡༣།༣།༢༦ བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཤེས་རྟོགས་གསལ་པོ་བྱུང་བ། བོད་ནང་རང་ལུས་མེར་སྲེག་གནང་མཁན་ ༡༡༥ དང་འདས་གྲོངས་སུ་གྱུར་པ་གྲངས་ ༩༨ ཆགས་ཡོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས། རང་ལུས་མེར་སྲེག་ཐད་གསར་འགོད་བསྒྲགས་གཏམ་སོགས་རིམ་པ་བྱས་ཡོད་པའི་ནང་། བོད་ནང་རང་ལུས་མེར་སྲེག་དེ་ལྟར་ཕོན་ཆེན་བྱུང་དོན་ནི། རྒྱ་ནག་གཞུང་གིས་བོད་ཡུལ་བཙན་བཟུང་བྱས་པ་ནས། བོད་ཡུལ་དང་བོད་མི་རིགས། ཆོས་དང་སྐད་ཡིག གོམས་གཤིས་དང་ཡུལ་སྲོལ་སོགས་རྩ་མེད་དང་བཏང་བའི་མཁྲེགས་འཛིན་གྱི་སྲིད་བྱུས་ལས་བྱུང་བ་ཡིན་པ་བསྒྲགས་ཡོད་ལ་ད་དུང་ཡང་ནན་བརྗོད་བྱེད་རྒྱུ་ཡིན།

རྒྱ་ནག་གཞུང་གིས། བོད་ནང་རང་ལུས་མེར་སྲེག་ནམ་བྱུང་ཚེ་དང་ཐོག་རྩ་བ་ནས་སྦས་ཐབས་བྱེད་ཀྱི་ཡོད་པ་དང་། དེ་མ་བྱུང་ན་ནང་མི་དང་ཉེ་འབྲེལ་ལ་སྡིག་སྐུལ་དང་ལྐོག་རྔན་སྤྲོད་ཐབས་ཀྱིས་གནས་ཚུལ་ཕྱིར་བསྒྲགས་མ་འགྲོ་བར་ཐབས་ཤེས་བྱེད་ཀྱི་ཡོད། དེ་མ་བྱུང་ན་ཕྱི་ཕྱོགས་སུ་ཡོད་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས། བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྲིད་གཞུང་ཁག་གིས་རང་ལུས་མེར་སྲེག་ལ་སྐུལ་སློང་བྱེད་ཀྱི་ཡོད་པའི་དྲིལ་བསྒྲགས་ལོག་པ་བྱེད་ཀྱི་ཡོད། དེ་ནས་རིམ་གྱིས་རང་ལུས་མེར་སྲེག་གནང་མཁན་ལ་སྐུལ་སློང་བྱེད་མཁན་དོགས་ཡོད་ཉེས་ཅན་པ་ཟེར་ནས། དཔང་རྟགས་དང་བདེན་དཔང་གང་ཡང་མེད་པའི་ཐོག་ནས་བོད་མི་མང་པོ་སྡེབ་བཟུང་གིས་སྲོག་ཁྲིམས་དང་ལོ་གྲངས་རྒྱས་བཅད་ཀྱིས་ཁྲིམས་ཐག་གཅོད་བཞིན་ཡོད། རྒྱ་གཞུང་གིས་བོད་མི་ཚོས་རང་ལུས་མེར་སྲེག་གནང་དོན་ལ་ཞིབ་འཇུག་བྱས་ཏེ།  བོད་མི་མང་གི་བསམ་ཚུལ་མཚོན་པའི་མཐུན་ཕྱོགས་ཀྱི་སྐད་ཆ་ཚིག་འབྲུ་གཅིག་ཀྱང་བཤད་མྱོང་མེད་ལ། དེ་ལས་ལྡོག་སྟེ་ཕྱི་ཕྱོགས་ཁོ་ན་ལ་ངན་ཁག་དཀྲིས་ཐབས་བྱས་པ་ནི་ནམ་ཡང་ངོས་ལེན་བྱེད་ཐབས་མེད།

ད་དུང་ནན་བརྗོད་བྱེད་དགོས་པ་ཞིག་ལ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་བཞག་ཡོད་པའི་ནང་། བོད་མི་ཚོས་རང་ལུས་མེར་སྲེག་བྱེད་དགོས་དོན་དང་ཁོང་ཚོའི་ངོ་རྒོལ་དང་རེ་འདུན་གྱི་འབོད་ཚིག ཞལ་ཆེམས་བཞག་པ་ཁག་ལ་ངེས་པར་དུ་ཞིབ་འཇུག་བྱས་ཏེ་དཀའ་རྙོག་སེལ་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་གཙོས་སྲིད་གཞུང་ཁག་གི་གྲོས་ཆོད་ཡིག་ཐོག་ཙམ་དུ་མིན་པ། རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་བོད་དུ་གཏོང་ཐབས། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་ ༤༧ གྱི་ཚོགས་མི་རྣམས་ནས་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚོགས་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་བཞིན། ད་ཐེངས་ཀྱི་གསར་འགོད་བསྒྲགས་གཏམ་འདི་དང་འབྲེལ་ནས་ལག་བསྟར་ཡོང་བའི་རེ་སྐུལ་ནན་མོ་ཞུ་རྒྱུ་ཡིན།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༧ ཉིན།།