རྒྱལ་གཅེས་དཔའ་མོ་པ་སངས་ལྷ་མོ་ལགས་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག

ཕྱི་ལོ་༢༠༡༠  ཟླ༤  ཚེས་༡༤ཉིན།  ཁམས་སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་སྟེ་གོད་ཆག་ཆེན་པོ་བྱུང་རྗེས། རྒྱ་གཞུང་གིས་སྐྱེ་རྒུ་བསྐྱར་སྐྲུན་གྱི་ལས་གཞི་དང་།  ཁང་ཁྱིམ་བསྐྱར་གསོའི་ལས་གཞི་ཞེས་པའི་ངན་བྱུས་ཀྱི་འཆར་གཞི་བསྒྲིགས་ཏེ།  གོ་སྐབས་བཙལ་ནས།   རྒྱ་མི་མང་པོ་བོད་དུ་གནས་སྤོར་གྱིས་བོད་ཀྱི་ས་ཆ་མང་པོ་གཞུང་བཞེས་བཏང་བར་བརྟེན། ཕྱི་ལོ་༢༠༡༢  ཕྱི་ཟླ་ ༩ ཚེས་ ༡༣ ཉིན།  རང་ལོ་ ༦༢ ལ་སོན་པའི་ཁམས་སྐྱེ་རྒུ་མདོ་རྫོང་ཁོངས་ཀྱི་རྒྱལ་གཅེས་དཔའ་མོ་པ་སངས་ལྷ་མོ་ལགས་ཀྱིས་ཁོ་མོའི་དེ་སྔའི་ཁང་པ་ཡོད་པ་བཤིག་གཏོར་བྱས་ཚབ་ཏུ།    དེ་ལས་རྒྱ་ཆུང་བའི་ས་ཆ་བགོས་འགྲེམས་བྱས་པར་བརྟེན།   ས་གནས་སུ་ཞུ་གཏུགས་ག་ཚད་བྱས་ཀྱང་མ་ཕན་པར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འབྲེལ་ཡོད་ལས་ཁུངས་སུ་ཞུ་གཏུགས་བྱེད་པར་ཕྱིན་ཀྱང་།    རྒྱ་གཞུང་གིས་ཉན་འཇོག་རྩ་བ་ནས་མ་བྱས་པར་བརྟེན།     པེ་ཅིང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་འདུག ད་ལྟའི་ཆར་ཁོང་སྨན་ཁང་ནང་ཡོད་འདུག་པའི་གནས་ཚུལ་གསལ་རྟོགས་བྱུང་ཡོད།