རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐུ་གཤེགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

 

རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས་ཀྱི་སྐུ་ཕུང་།རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས་ཀྱི་སྐུ་ཕུང་།

གུང་ཐང་མཆོག་སྤྲུལ་སྐུ་ཕྲེང་བདུན་པ།གུང་ཐང་མཆོག་སྤྲུལ་སྐུ་ཕྲེང་བདུན་པ།རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས་ཀྱི་སྐུ་ཕུང་དགོན་པ་ནས་རང་ཁྱིམ་དུ་གདན་འདྲེན་ཞུ་བཞིན་པ།རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས་ཀྱི་སྐུ་ཕུང་དགོན་པ་ནས་རང་ཁྱིམ་དུ་གདན་འདྲེན་ཞུ་བཞིན་པ།

ཕྱི་ལོ་༢༠༡༢ ཟླ༡༠ ཚེས་༡༣ ཉིན།  བོད་ནང་གི་ཆུ་ཚོད༡ ཡོལ་ཙམ་ལ།  མདོ་སྨད་གཙོས་དགོན་པ་དགའ་ལྡན་ཆོས་གླིང་གི་གཡས་ཟུར་མཆོད་རྟེན་གྱི་ཉེ་འགྲམ་མ་ནི་མཐོ་མགོ་རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་འཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ས་དེ་གར།  རང་ལོ་༥༤ ཡིན་པའི་རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་སྟེ།  ཉིན་རྒྱབ་ཆུ་ཚོད་གསུམ་པར་ཁོང་གི་སྐུ་ཕུང་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་གུས་བརྩིའི་ཐོག་རང་ཁྱིམ་དུ་གདན་ཞུས་ཀྱིས།  གཙོས་དགོན་པའི་དགེ་འདུན་པ་རྣམས་འདུ་འཛོམས་གནང་སྟེ་བསྔོ་སྨོན་གསུངས་ཤིང་།  ས་ཁུལ་དེའི་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་གུས་བརྩི་དང་གདུང་སེམས་མཉམ་སྐྱེད་ཐོག་ཁོང་གི་རང་ཁྱིམ་དུ་ཕྱིན་ཏེ།  སྐུ་ཕུང་ལ་ཁ་བཏགས་སྒྲོན་འབུལ་ཞུས་པ་དང་།  ད་ལྟའི་ཆར་གཙོས་དགོན་པ་དང་ཁོང་གི་ཁྱིམ་ཚང་གི་མཐའ་འཁོར་དུ་རྒྱ་གཞུང་གི་ཉེན་རྟོག་དམག་མི་མངོན་གསལ་དང་མངོན་གསལ་མ་ཡིན་པ་འགྲེམ་འཇོག་གིས་ལྟ་རྟོག་དང་མང་ཚོགས་ཡར་མར་འགྲོ་བསྐྱོད་ལ་དམ་དྲག་བྱེད་བཞིན་ཡོད་འདུག

རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས།རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས།རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས་ནི།  མདོ་སྨད་གཙོས་ཁ་སོག་གི་འབྲོང་ལྕེ་སྡེ་བའི་མི་ཡིན་པ་དང་།  ཁོང་གི་ཆུང་མའི་མིང་ལ་མཁར་མོ་བྱམས་ཟེར་ཞིང་རང་ལོ༤༩  ཡིན་པ་དང་།  ཁོང་གཉིས་ལ་བུ་མོ་བནྡེ་འཚོ་རང་ལོ་༣༠  ཡིན་པ་ཁོང་མོ་ནི།  གུང་ཐང་སྐུ་ཕྲེང་བདུན་པའི་མ་ཡུམ་ཡིན་པ་དང་། བུ་བླ་མ་བཀྲ་ཤིས་རང་ལོ་༢༨  ཡིན་པ་ཁོང་ཁྱིམ་ཚང་གི་གཞིས་འཛིན་ཡིན་པ་རེད་འདུག   དེ་ལྟར་ན་རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས་ཁོང་ནི།  གུང་ཐང་སྐུ་ཕྲེང་བདུན་པའི་མ་ཡུམ་བནྡེ་འཚོའི་ཡབ་ཡིན་འདུག་པས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་ཁོང་གི་བླ་ན་མེད་པའི་མཛད་སྤྱོད་ལ་གུས་བརྩིའི་རྣམ་འགྱུར་ཚད་མེད་སྟོན་བཞིན་ཡོད་པའི་གནས་ཚུལ་པར་རིས་དང་བཅས་པ་ཕྱི་ལོགས་སུ་འབྱོར་ཡོད་པ་རེད་འདུག  དེ་ལྟར་ན། རྒྱལ་གཅེས་དཔའ་བོ་ཁོང་ནི། ཕྱི་ལོ་༢༠༠༩ ལོ་ནས་ཕྱི་ལོ་༢༠༡༢  ལོའི་ཟླ༡༠ ཚེས༡༣ བར་རང་ལུས་མེར་བསྲེགས་གཏོང་མཁན་༥༥ པ་དང་།  རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་བ་༤༥  པ་དེ་ཆགས་ཡོད་པ་རེད།

རྒྱ་གཞུང་གིས་དཔལ་འབྱོར་འབོར་ཆེན་བཏང་སྟེ།   བརྒྱུད་ལམ་ཁག་ཏུ་བོད་ནང་བདེ་སྐྱིད་དང་ལྡན་པའི་ཚུལ་འཆོས་ཀྱི་དྲིལ་བསྒྲགས་སྣ་ཚོགས་རྒྱལ་ཕྱི་ནང་དུ་འཁྲབ་སྟོན་བྱེད་བཞིན་ཡོད་ནའང།  བོད་ཀྱི་ས་ཁུལ་གང་སར་བོད་རིགས་སེར་སྐྱ་ཕོ་མོ་མང་པོས་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ།  རྒྱ་གཞུང་གི་ནོར་འཁྲུལ་སྲིད་བྱུས་ལ་ངོ་རྒོལ་བྱས་དང་བྱེད་བཞིན་པ་དེ་དག་གིས།  རྒྱལ་སྤྱིའི་སྟེང་རྒྱ་གཞུང་གི་བཙན་གནོན་འོག  ད་ལྟའི་ཆར་བོད་ཀྱི་སྣོད་བཅུད་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་གསལ་འབྱེད་བྱེད་ཀྱི་ཡོད།

ཆེས་ཡ་ང་བ་དང་སྐྱི་གཡའ་བའི་ཐབས་སྡུག་གི་གནས་ཚུལ་དེ་དག་བྱུང་རིམ་བཞིན།   ཤ་ཁྲག་གཅིག་པའི་གཞིས་བྱེས་བོད་རིགས་སྤུན་ཟླ་རྣམས་ཀྱི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ན་ཟུག་བཏང་དང་གཏོང་བཞིན་ཡོད་ལ།  དེ་དག་གི་རྒྱུ་རྐྱེན་ནི།  རྒྱ་གཞུང་གི་ནོར་འཁྲུལ་མཁྲེགས་འཛིན་གྱི་སྲིད་བྱུས་དེ་རང་ཡིན་པས།   མི་རིགས་དབྱེ་འབྱེད་ཀྱི་གཉའ་གནོན་སྲིད་བྱུས་དེའི་རིགས་མཚམས་འཇོག་མ་བྱས་ན།   ད་དུང་གནས་ཚུལ་དེ་ལས་ཇེ་སྡུག་ཏུ་འགྱུར་ངེས་པས་དེའི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁྱེར་དགོས་པ་དང་།   རྒྱ་གཞུང་གིས་གཡོ་རྫུན་གྱི་འཁྱོག་བཤད་དེ་དག་ཇི་སྐད་བཤད་པ་ལྟར་གནས་ཚུལ་བདེན་པ་ཡིན་ན།   རྒྱལ་སྤྱིའི་ངོ་བོ་ཅན་གྱི་སྒྲིག་འཛུགས་ཁག་གི་སྐུ་ཚབ་དང་།   རྒྱལ་ཁབ་ཁག་གི་རྟོག་ཞིབ་པ་དང།  གསར་འགོད་པ་བཀག་སྡོམ་མེད་པར་ཤར་གཏོང་གིས་ཞིབ་འཇུག་བྱེད་མི་འཇུག་པའི་རྒྱུ་མཚན་གང་ཡིན།  རྒྱ་གཞུང་གི་དབུས་དང་ས་གནས་ཀྱི་འགན་ཡོད་འགོ་ཁྲིད་ཚོས་ཤེས་བཞིན་རྫུན་སྨྲ་བ་ཙམ་ལ་སྐྱབས་སུ་མི་འགྲོ་བར་དངོས་ཐོག་བདེན་ཚོལ་གྱི་ལྟ་བ་གཞིར་བཞག་གིས་ཛ་དྲག་གི་གནས་ཚུལ་འདི་ཚོའི་རྒྱབ་ལྗོངས་ལ་རྟོག་ཞིབ་དང་།  ཕྱོགས་ལྷུང་གི་སྲིད་བྱུས་བཅོས་བསྒྱུར་ཡོ་བསྲང་གིས་ཐབས་སྡུག་གི་གནས་ཚུལ་དེའི་རིགས་མི་ཡོང་རྒྱུར་འགན་འཁྱེར་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡིན།  དེ་བཞིན་རྒྱལ་སྤྱིའི་ངོ་བོ་ཅན་གྱི་སྒྲིག་འཛུགས་དང་།  རྒྱལ་ཁབ་ཁག་གིས་ཀྱང་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་།  དྲང་བདེན་ལ་སྔར་ལྷག་རྒྱབ་སྐྱོར་གྱིས་བོད་ནང་གི་ཛ་དྲག་གི་གནས་ཚུལ་ལ་མངོན་གསལ་དོད་པོས་ངོས་འཛིན་དང་རྒྱབ་སྐྱོར་ཐོག་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་དང།  ཕ་མ་བུ་ཕྲུག་དང་བཟའ་ཟླ་ནང་མི།  ལུས་སྲོག་ལོངས་སྤྱོད་ཡོངས་རྗོགས་བློས་གཏོང་གིས་རྒྱལ་སྤྱིའི་ཐོག་རེ་བའི་མིག་འབུར་གཏོད་པའི་ངོ་རྒོལ་གྱི་ལས་འགུལ་འདི་དག་ལ་བསམ་ཞིབ་ཐོག་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་གནང་རྒྱུར་རེ་སྐུལ་ནན་མོ་བྱེད་རྒྱུ་ཡིན།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༥ ཉིན།།

གཙོས་དགོན་དགའ་ལྡན་ཆོས་གླིང་རྒྱ་དམག་གིས་དམ་དྲག་བྱེད་བཞིན་པ།གཙོས་དགོན་དགའ་ལྡན་ཆོས་གླིང་རྒྱ་དམག་གིས་དམ་དྲག་བྱེད་བཞིན་པ།