རྒྱལ་གཅེས་དཔའ་བོ་རེབ་གོང་མདོ་བ་འབྲོག་གི་གཞོན་སྐྱེས་གཉིས་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གཤེགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

 

རྒྱལ་གཅེས་དཔའ་བོ་སྙིང་དཀར་བཀྲ་ཤིས་ལགས་ཀྱི་རང་ལུས་མེར་བསྲེགས་གནང་བའི་སྐབས་ཀྱི་རྣམ་པ།རྒྱལ་གཅེས་དཔའ་བོ་སྙིང་དཀར་བཀྲ་ཤིས་ལགས་ཀྱི་རང་ལུས་མེར་བསྲེགས་གནང་བའི་སྐབས་ཀྱི་རྣམ་པ།ཕྱི་ལོ་༢༠༡༢ ཟླ༡༡ ཚེས༡༢  ཉིན། བོད་ནང་གི་ཉིན་རྒྱབ་ ཆུ་ཚོད་༣།༡༥ སྟེང་། རེབ་གོང་མདོ་བ་འབྲོག་སྒྲོ་རོང་པོའི་གད་དམར་ཐང་གི་སློབ་གྲྭའི་ནང་། ཁ་སྔོན་ཚེས༧  ཉིན་རྒྱལ་གཅེས་སྐུ་གཤེགས་དཔའ་མོ་རྟ་མགྲིན་མཚོ་དང་།  ཚེས་༨ ཉིན་རྒྱལ་གཅེས་སྐུ་གཤེགས་དཔའ་བོ་སྐལ་བཟང་སྦྱིན་པ་གཉིས་ལ་གུས་བརྩི་དང་།  ཁོང་གཉིས་ཀྱི་ནང་མིར་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་སྐྱེད་ཆེད།  མདོ་བ་དང་སྒྲོ་རོང་པོ་ཁུལ་དུ་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཕོན་ཆེ་འདུ་འཛོམས་ཀྱིས་སྨོན་ལམ་མཆོད་འབུལ་དང་། ནང་མིར་མྱ་ངན་སེམས་གསོའི་ཆེད་ཕེབས་མཁན་གྱི་མི་ཚོགས་ཧ་ཅང་མང་པོ་ཡོད་སྐབས།   རང་ལོ་༢༤ ཡིན་པའི་རྒྱལ་གཅེས་དཔའ་བོ་སྙིང་དཀར་བཀྲ་ཤིས་ལགས་ཀྱིས་”། “རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག” ”བོད་ལ་རང་དབང་དགོས”ཞེས་སྐད་འབོད་བྱེད་བཞིན་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ།   སྐུ་གཤེགས་ཡོད་པ་དང་།  སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་རང་ཁྱིམ་དུ་གདན་འདྲེན་ཞུས་ཏེ། མི་མང་གིས་སྲུང་སྐྱོབ་འོག་འདས་པོ་ཁོང་གི་ཆེད་རྗེས་འཇུག་སྨོན་ལམ་གསུངས་ཡོད་འདུག

རྒྱལ་གཅེས་དཔའ་བོ་སྙིང་དཀར་བཀྲ་ཤིས་ལགས་རང་ལུས་མེར་བསྲེགས་གནང་རྗེས་ཀྱི་རྣམ་པ།རྒྱལ་གཅེས་དཔའ་བོ་སྙིང་དཀར་བཀྲ་ཤིས་ལགས་རང་ལུས་མེར་བསྲེགས་གནང་རྗེས་ཀྱི་རྣམ་པ།དེ་ཡང་། ཁ་སང་ཕྱི་ཚེས་ ༡༡ ཉིན་རྨ་ལྷོ་ཁུལ་དང་རེབ་གོང་(ཐུན་རིན)རྫོང་གི་ལས་བྱེད་མི་སྣ་མདོ་བ་ཡུལ་ཚོར་ཡོང་སྟེ། ཕྱི་ཚེས་ ༧ ཉིན་རྟ་མགྲིན་འཚོ་དང་། ཕྱི་ཚེས་ ༨ ཉིན་སྐལ་བཟང་སྦྱིན་པ་གཉིས་ཀྱིས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་དང་། ཕྱི་ཕྱོགས་ཀྱི་ངན་སྐུལ་ཡོད་མེད། བྱེད་སྟངས་འདི་རིགས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འགལ་བ་ཡིན་ཚུལ་སོགས་ཀྱི་གཏམ་བཤད་སྤེལ་བ་དང་། དེ་རིང་ཕྱི་ཚེས་ ༡༢ ་ཉིན་རྒྱ་ནག་དབུས་གཞུང་དང་ཞིང་ཆེན་རིམ་པ་ནས་འབྲེལ་ཡོད་ལས་བྱེད་རླངས་འཁོར་བདུན་ཡོང་སྟེ། སྡེ་དཔོན་དང་འབྲེལ་ཡོད་ཁག་འབོད་འགུགས་ཀྱིས་གཏམ་བཤད་སྤེལ་བཞིན་པའི་སྐབས་སུ་ཁོང་གིས་རང་ལུས་མེར་བསྲེགས་བཏང་བ་ཞིག་ཡིན་འདུག

ཁ་སང་ཕྱི་ཚེས་ ༡༡ ཉིན་རྨ་ལྷོ་ཁུལ་དང་རེབ་གོང་(ཐུན་རིན)རྫོང་གི་ལས་བྱེད་ཁག་ཅིག་ཡོང་སྟེ། མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་དང་། ད་དུང་མུ་མཐུད་ནས་འདི་འདྲ་ཡོང་གི་ཡོད་མེད། མང་ཚོགས་ཀྱི་ནང་ལ་བསམ་ཚུལ་ག་རེ་ཡོང་གི་ཡོད་མེད་དང་། ས་གནས་ལས་བྱེད་པའི་ནང་ལ་བསམ་ཚུལ་ག་རེ་ཡོད་མེད་སོགས་དྲིས་སྐབས། མདོ་བ་ཡུལ་ཚོའི་སྒྲོ་རོང་པོ་སྡེ་བའི་དམར་ཤོག་དྲུང་ཆེ་(ཏ་ཏོས་ཧྲུའུ་ཅི) ལྕགས་ལ་ཟེར་བ་རྒྱ་གཞུང་གི་ལས་ཀ་བྱས་ནས་ལོ་ ༡༥ ཕྱིན་ཡོད་པ་ཁོང་གིས། “མང་ཚོགས་ནང་ལ་བསམ་ཚུལ་ག་རེ་ཡོད་མེད་ཧ་གོ་མ་སོང་། ངས་བསམ་ན། མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི།  ༸གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པ་དང་། གསོལ་བ་སྨོན་ལམ་བརྒྱབ་མི་ཆོག་པ། གཙོ་བོ་༸གོང་ས་མཆོག་ཕྱི་ལོགས་ལ་ཕུད་པ་དང་། བོད་ལ་ཕེབས་འཇུག་གི་མེད་པ། པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་བཙོན་ཁང་དུ་བཀག་པ། བོད་ལ་རང་དབང་གཙང་མ་མེད་པ་བཅས་ལ་བརྟེན་ནས། རང་ལུས་མེར་བསྲེགས་གཏོང་དགོས་པ་འདི་ལ་ཐུག་པ་རེད།” ཅེས་དྲི་བ་འགོད་མཁན་འབྲེལ་ཡོད་ལས་བྱེད་ལ་བཤད་འདུག་པར། ཡུལ་མི་ཚོ་ཁོང་གི་བསམ་ཚུལ་འདི་ལ་ཧ་ལས་པའི་ཚོད་དུ་འདུག་པ་དང་། ལས་བྱེད་ཅིག་གིས་དེ་ལྟར་བཤད་པར་ཆེ་བསྟོད་བྱེད་པ་དང་བློ་ཁོག་ཆེན་པོ་འདུག་ཅེས་བསྔགས་བརྗོད་བྱེད་ཀྱིན་འདུག་ཟེར།

རྒྱལ་གཅེས་དཔའ་བོ་སྙིང་དཀར་བཀྲ་ཤིས་ལགས།རྒྱལ་གཅེས་དཔའ་བོ་སྙིང་དཀར་བཀྲ་ཤིས་ལགས།སྙིང་དཀར་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་ནི། རེབ་གོང་(ཐུན་རིན)རྫོང་གི་དབང་ཆ་ཆེ་ཤོས་ཡིན་པ་དམར་ཕྱོགས་དྲུང་ཆེ(Jiang Shucheng ) ཅང་ཧྲུའུ་ཁྲིན་ཟེར་བ་དེ་ཉེ་ལམ་མདོ་བ་ཡུལ་ཚོར་ཡོང་སྟེ། རྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམས་མི་ཆོག་པའི་བཙན་བཀའ་བཏང་བ་སོགས་ལ་བརྟེན་ནས་འདི་བྱུང་བ་རེད་ཅེས་བརྗོད་འདུག

དཔའ་བོ་ཁོང་གིས་ཁ་ཆེམས་ཡི་གེ་ཞིག་བཞག་འདུག་པ་དེའི་ནང། “རྒྱལ་བ་པཎ་ཆེན་རྣམ་གཉིས་གཙོར་མཛད་པའི་བོད་མི་ས་ཡ་དྲུག་ལ། བོད་རང་དབང་དགོས། བོད་རང་བཙན་དགོས། བོད་ཡིག་སློབ་རྒྱུའི་རང་དབང་དགོས། ཕ་སྐད་བཤད་རྒྱུའི་རང་དབང་དགོས།  པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་བྱེད་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་སུ་འཇུག་དགོས། རང་ལུས་མེར་བསྲེགས་བྱས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པ་ཡིན། ཕ་བཀྲ་ཤིས་རྣམ་རྒྱལ་གཙོར་མཛད་པའི་བཟའ་མི་ཡོངས་ཀྱིས་སེམས་ཁུར་དང་སྡུག་བསྔལ་བྱེད་མི་དགོས། དཀར་པོ་ཆོས་ལ་དད་རྒྱུ། དགེ་བའི་ལམ་ལ་ཞུགས་རྒྱུ་མཁྱེན། བདག་གི་རེ་བ་ནི། བོད་མི་ས་ཡ་དྲུག་གིས་བོད་ཡིག་སློབ་རྒྱུ། ཕ་སྐད་བཤད་རྒྱུ། བོད་ལྭ་གོན་པ། མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་མཁྱེན་ཞེས་སྙིང་དཀར་བཀྲ་ཤིས་ནས། ”ཞེས་བཀོད་ཡོད་འདུག

རྒྱལ་གཅེས་དཔའ་བོ་སྙིང་དཀར་བཀྲ་ཤིས་ལགས་ནི།  མདོ་སྨད་རེབ་གོང་མདོ་བ་འབྲོག་སྒྲོ་རོང་བོ་སྡེ་བའི་ཕ་བཀྲ་ཤིས་རྣམ་རྒྱལ་ལོ༤༧དང་།  མ་མཁའ་འགྲོ་མཚོ  (ལོ་བཞིའི་གོང་དུ་ཚེ་ལས་འདསའདུག) གཉིས་ཀྱི་བུ་ཡིན་པ་དང་།    སྙིང་དཀར་བཀྲ་ཤིས་ཀྱི་སྐྱེས་དམན་གྱི་མིང་ལ་འབྲུག་མོ་ཚེ་རིང་ལོ་ ༢༣ཡིན་འདུག་ལ། སྙིང་དཀར་བཀྲ་ཤིས་ཀྱི་ཨ་མ་འདས་རྗེས། ཁོང་གི་ཨ་ཕས་སྐྱེས་དམན་གཞན་ཞིག་དང་གཉེན་སྒྲིག་ཡོད་པ་དེའི་མིང་ལ་ལྷ་མོ་མཁར་ཟེར་གྱི་ཡོད་འདུག

གཞན་ཡང་།   ཕྱི་ཟླ་༡༡  ཚེས༡༢  ཉིན། བོད་ནང་གི་དགོང་དྲོ་ཆུ་ཚོད་ ༧། ༡༨ སྟེང་། རེབ་གོང་མདོ་བ་འབྲོག་ཡོ་ལག་ར་རྒན་སྡེ་བ་ནས་ཡིན་པ་རང་ལོ་༢༠  སོན་པ་རྒྱལ་གཅེས་དཔའ་བོ་སྙིང་ལྕགས་འབུམ་ལགས་ཀྱིས་མདོ་བ་གཡག་ལུང་ངམ་མདོ་བ་ཡུལ་ཚོའི་སྲིད་གཞུང་གི་སྒོ་ཁ་ནས་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་འདུག  དེ་རིང་མདོ་བ་ཡུལ་ཚོ་ཡོད་སར་མི་མང་པོ་འཛོམས་ཡོད་པའི་སྐབས་ལ་བརྟེན། སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་ཐད་ཀར་མདོ་བ་དགོན་མདོ་སྔགས་དར་རྒྱས་གླིང་དུ་གདན་ཞུས་ཀྱིས་སྨོན་ལམ་གསུང་འདོན་དང་། དེ་ནས་གྲྭ་པ་རྣམས་འདས་གྲོངས་སུ་ཕྱིན་རིགས་སྦྱིན་སྲེག་བྱེད་ས་ཞིག་ཡོད་པ་དེར་ཁོང་གི་སྐུ་ཕུང་གདན་ཞུས་ཀྱིས་སྦྱིན་བསྲེགས་གནང་ཡོད་འདུག ཁྱོན་མི་མང་ཉིས་སྟོང་ནས་སུམ་སྟོང་བརྒལ་བ་འདུ་འཛོམས་ཀྱིས། ༸གོང་ས་མཆོག་གི་ཞབས་བརྟན་“གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །”ཅེས་པ་དབྱངས་སྒྲོག་དང་། མ་ཎི་འདོན་པ་སོགས་རྗེས་འཇུག་གང་ལེགས་གནང་ཐུབ་ཡོད་འདུག

རྒྱལ་གཅེས་དཔའ་བོ་སྙིང་ལྕགས་འབུམ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་སྐབས་ཀྱི་རྣམ་པ།རྒྱལ་གཅེས་དཔའ་བོ་སྙིང་ལྕགས་འབུམ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་སྐབས་ཀྱི་རྣམ་པ།

གཞན་ཡང་རེབ་གོང་རོང་འབྲོག་ཁུལ་དུ་རྫོང་དང་ཡུལ་ཚོ་སྲིད་གཞུང་གི་ལས་བྱེད་ཚོས་ས་གནས་མང་ཚོགས་ནང་གཏམ་བཤད་འདྲ་མིན་སྤེལ་བ་དང་། ༸གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པ། མི་མང་འདུ་འཛོམས་རིགས་མི་ཆོག་པ་སོགས་ཀྱི་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག རེབ་གོང་(ཐུན་རིན)རྫོང་དུ་དྲ་རྒྱའི་སྐུད་ལམ་ཡང་བཅད་པ་དང།  མདོ་བ་ས་ཁུལ་དུ་ཁ་པར་བརྒྱུད་ལམ་དང་གློག་བཅད་ཡོད་འདུག་སྟབས། ས་གནས་ཀྱི་མི་མང་གིས་ད་ནི་རྒྱ་ནག་གཞུང་གིས་དྲག་གནོན་བྱས་མི་ཡོང་ངམ་སྙམ་ནས་སེམས་ཁྲལ་བྱེད་ཀྱིན་ཡོད་’འདུག

རྒྱལ་གཅེས་དཔའ་བོ་སྙིང་ལྕགས་འབུམ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་སྐབས་ཀྱི་རྣམ་པ།རྒྱལ་གཅེས་དཔའ་བོ་སྙིང་ལྕགས་འབུམ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་སྐབས་ཀྱི་རྣམ་པ།

རྒྱལ་གཅེས་དཔའ་བོ་སྙིང་ལྕགས་འབུམ་ལགས།རྒྱལ་གཅེས་དཔའ་བོ་སྙིང་ལྕགས་འབུམ་ལགས།རྒྱལ་གཅེས་དཔའ་བོ་སྙིང་ལྕགས་འབུམ་ལགས་ནི།  མདོ་སྨད་རེབ་གོང་མདོ་བ་འབྲོག་ཡོ་ལག་ར་རྒན་སྡེ་བའི་ཕ་མིང་ལ་ལྷ་ཕྱུག་ལོ་ ༤༤ དང་།  མ་མིང་ལ་ཚེ་རིང་མཚོ་ལོ་ ༣༨ཡིན་པ་གཉིས་ཀྱི་བུ་ཡིན་པ་དང་། ཁོང་གཉིས་ལ་ཕྲུ་གུ་གསུམ་ཡོད་ལ། ཆེ་བ་བུ་སྙིང་ལྕགས་འབུམ་དང་། འབྲིང་བ་བུ་མོ་འབྲུག་མོ་མཚོ། ཆུང་བ་བུ་མོ་ཚེ་འབྲུག་སྐྱིད་བཅས་ཡིན་འདུག

ཕྱི་ལོ་༢༠༠༩ ལོ་ནས་ཕྱི་ལོ་༢༠༡༢ ཟླ ༡༡ ཚེས༡༢ བར་བོད་ནང་དུ་ར་འཕྲོད་གསལ་བོ་བྱུང་བ་རང་ལུས་མེར་བསྲེགས་གནང་མཁན་ ༧༢དང་།  དེའི་ནང་ནས་འདས་གྲོངས་སུ་གྱུར་བ་༥༨ ཆགས་ཡོད། བོད་ནང་དུ་བོད་མི་ཚོ་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་འོག་སྡོད་འདོད་མེད་པར་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་ལས་འགུལ་གཅིག་མཇུག་གཉིས་མཐུད་ཡོང་བཞིན་པར།  ཕྱི་ཟླ་ ༡༡ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་བསྒྲགས་གསར་འགོད་ལྷན་ཚོགས་བསྐྱངས་པའི་དོན་གནད་ཁག་ལ་བསམ་ཞིབ་ཡོང་བའི་འབོད་སྐུལ་ནན་གྱིས་ཞུ་རྒྱུ་དང། སླར་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་རྒྱུར།

༡།       ཉེ་ལམ་པེ་ཅིང་ཨ་རིའི་གཞུང་ཚབ་མཆོག་ནས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པའི་རེ་སྐུལ་དང་།  དེ་མིན་ཨ་རི་དང་ཡུ་རོབ་གཙོས་དྲང་བདེན་དང་མང་གཙོར་དགའ་བའི་གཞུང་དང་སྒེར། གནད་ཡོད་མི་སྣ་མང་པོས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་དང་འབོད་སྐུལ་རིམ་པ་གནང་བར་རྒྱ་གཞུང་གིས་མཁྲེགས་འཛིན་གྱི་རྣམ་འགྱུར་ཤུགས་ཆེ་འཛིན་བཞིན་པར་བརྟེན། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཙོས་པའི་རྒྱལ་ཁབ་དེ་དག་གིས་གཙོ་འགན་བཞེས་ཏེ་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་བོད་དུ་གཏོང་ཐབས་ཀྱིས་དངོས་ཡོད་གནས་སྟངས་ཇི་ཆགས་ལ་ཞིབ་འཇུག་གནང་བའི་རེ་སྐུལ་ཞུ་རྒྱུ།

༢།       ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་ (Geneva) རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་)Navi Pillay) མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་བ་དེ་ནི་ལྷན་ཁང་དེས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ངོས་འཛིན་གསལ་ཤོས་དེ་ཡིན་པ་མ་ཚད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཆེན་པོ་ཞིག་གི་ཐོག་ནས་བར་ལམ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལངས་ཕྱོགས་གསལ་པོ་འཛིན་པར་ཡང་ངོས་འཛིན་ཞུ་རྒྱུ་ཡིན། དེར་བརྟེན་གལ་ཆེའི་བསྒྲགས་གཏམ་དེ་དག་ཡིག་ཐོག་ཙམ་དུ་མ་ལྷག་པར་དངོས་སུ་ལག་བསྟར་ཡོང་ཆེད།  བོད་མིའི་སྒྲིག་འཛུགས་ཀྱིས་དེ་སྔོན་དགའ་བསུའི་གསལ་བསྒྲགས་སྤེལ་ཡོད་པ་ལྟར། ང་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་ ༤༧ གྱི་ཚོགས་མི་རྣམས་ལ་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚུགས་སྐྱོང་ཡོང་བའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་བཅས།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་༢༠༡༢ ཟླ ༡༡ ཚེས་ ༡༣ ལ།།