རྒྱལ་གཅེས་དཔའ་བོ་འཕྲིན་ལས་རྣམ་རྒྱལ་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༥ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ། ཁམས་དཀར་མཛེས་ཁུལ་རྟའུ་རྫོང་ནས་ཡིན་པ་བོད་མི་འཕྲིན་ལས་རྣམ་རྒྱལ་ཞུ་བ་རང་ལོ་ ༣༢ སོན་པ་ཞིག་གིས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་འདུག་པ་དང་། སྐབས་དེར་ལུས་ལ་མེ་འབར་ཤུགས་ཆེ་བས་ཁོང་འདས་གྲོངས་སུ་གྱུར་ཡོད་པའི་སྐོར་གནས་ཚུལ་ཐོན་ཡོད། 130འཕྲིན་ལས་རྣམ་རྒྱལ་ལགས་ནི་བོད་མདོ་ཁམས་རྟའུ་རྫོང་ཁང་སར་ཤང་རྒན་སྡེ་པའི་ཕ་བདུད་ལོ་དང་མ་དཔལ་ལྷ་གཉིས་ཀྱི་བུ་ཡིན་པ་བཅས་ཀྱི་གནས་ཚུལ་ཙམ་ཤེས་རྟོགས་བྱུང་བ་ལས། ད་ལྟའི་སྐབས་ས་གནས་དེའི་ཁ་པར་སོགས་དྲ་ལམ་ཡོངས་རྗོགས་རྒྱ་གཞུང་གིས་བཀག་ནས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད། ཁོང་ནི་ཕྱི་ལོ་༢༠༠༩།༢།༢༧ ནས་ ༢༠༡༤།༤།༡༥ བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་གཞིས་བཞུགས་བོད་མི་རང་ལུས་མེར་སྲེག་གནང་མཁན་ ༡༣༠ པ་དེ་ཆགས་ཡོད།

བོད་ནང་གི་བོད་མི་རྒན་གཞོན་དང་ཕོ་མོ། ཞིང་འབྲོག གྲྭ་བཙུན་དབྱེ་བ་མེད་པ་མི་འབོར་ཕོན་ཆེན་འདི་འདྲ་བ་ཞིག་གིས། རང་ཉིད་ཀྱི་གཅེས་པའི་ལུས་དང་ལོངས་སྤྱོད་བློས་བཏང་ནས། རྒྱ་ནག་གཞུང་གིས་བོད་མི་རིགས་ཐོག་བཟུང་བའི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གཅིག་མཇུག་གཉིས་མཐུད་བྱས་དང་བྱེད་བཞིན་ཡོད་རུང་། རྒྱ་གཞུང་གིས་བོད་མི་ཚོའི་དགོས་འདུན་ལ་རྟོག་ཞིབ་དང་འབངས་ཀྱི་དཀའ་ངལ་སེལ་བའི་འགན་ལེན་རྒྱུ་ལས་ལྡོག་སྟེ། ཕྱི་ལོ་ ༢༠༡༡ ལོ་འགོར་རྒྱ་ནག་གཞུང་གི་ཕྱི་སྲིད་མགྲིན་ཚབ་པས་བརྗོད་དོན། “རང་ལུས་མེར་སྲེག་གི་དོན་རྐྱེན་རིམ་པ་ཁག་ནི་ཕྱི་རྒྱལ་དུ་ཡོད་པའི་ཏཱ་ལའི་བླ་མའི་རྒྱབ་སྐྱོར་བས་སྐུལ་སློང་བྱས་པ་ལས་བྱུང་བ་དང་། ཏཱ་ལའི་བླ་མའི་རྒྱབ་སྐྱོར་བས་དྲག་པོའི་ལམ་ལ་བརྟེན་ནས་ཀྲུང་གོ་མགོ་རྟིང་སློག་འདོད་ཀྱི་འཆར་གཞིའི་ཟུར་ཞིག་རེད་”ཅེས་ད་ལྟ་ཐུག་གི་བར་བརྗོད་བཞིན་ཡོད་པ་དང་། ཡང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བྱ་བའི་སྐོར་གྱི་བྲེལ་མྱུར་བརྡ་སྦྱོར>> ཟེར་བའི་ནང་། “མང་ཚོགས་ཁྲོད་དུ་རང་སྲེག་མཁན་གྱི་ཁྱིམ་མིར་འཚམས་འདྲིར་སོང་ཡོད་མེད་དང་། རང་སྲེག་མཁན་གྱི་ཁྱིམ་མིར་ཞལ་འདེབས་ཕུལ་བ་སོགས་ཀྱི་གནས་ཚུལ་ཡོད་མེད་གསལ་པོར་ཤེས་དགོས། འཚམས་འདྲི་ཞལ་འདེབས་ཕྱོགས་ཀྱི་མགོ་འབུས་གནས་ཚུལ་ཡོད་ན། ནོར་འཁྲུལ་དང་མཇུག་འབྲས་ཚབས་ཆེན་གསལ་བཤད་བྱ་དགོས། བསླབ་བྱར་མི་ཉན་མཁན་དེར་སྤྱི་བདེ་སྡེ་ཁག་གིས་མྱུར་དུ་བྱེད་ཐབས་སྤྱད་ནས་རྡུང་རྡེག་ནན་མོ་གཏོང་དགོས་” ཟེར་བ་སོགས་དང་། ཡང་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་༢༠ ཉིན་སྤེལ་བའི་བརྡ་ཁྱབ་ནང་། “རང་ལུས་མེར་སྲེག་བྱེད་མཁན་སུ་འདྲ་ཞིག་གཞུང་ལ་རྩིས་སྤྲད་ན་བྱ་དགའ་སྤྲོད་རྒྱུ། རང་སྲེག་རྒྱག་རྩིས་ཡོད་མཁན་མཚང་བརྟོལ་དང་ཉེས་འདོན་བྱེད་མཁན་ལ་བྱ་དགའ་དམངས་སྒོར་ཁྲི་ལྔ་སྟེར་རྒྱུ་ཡིན། མི་གཞན་ལ་སྐུལ་སློང་བྱས་ནས་རང་སྲེག་རྒྱག་ཏུ་འཇུག་པའི་ལྐོག་ཇུས་མཁན་མཚང་བརྟོལ་དང་ཉེས་འདོན་བྱེད་མཁན་ལ་བྱ་དགའ་དམངས་སྒོར་ཁྲི་བཅུ་སྟེར་རྒྱུ་ཡིན། གནས་ཡུལ་དངོས་ནས་རང་སྲེག་རྒྱག་མཁན་མཐོང་ཚེ། དུས་ཐོག་ཏུ་བཀག་འགོག་བྱས་ཏེ། རང་སྲེག་རྒྱག་ཏུ་མི་འཇུག་མཁན་ལ་བྱ་དགའ་དམངས་སྒོར་ཁྲི་ཉི་ཤུ་སྟེར་རྒྱུ་ཡིན་” ཟེར་བ་སོགས།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌བོད་མིའི་སྒྲིག་འཛུགས་ནས་སྐུལ་སློང་བྱས་ཚུལ་གྱི་བསྙོན་དཀྲི་བྱེད་པ། བོད་མི་ཚོ་དངུལ་དངོས་ཀྱིས་བསླུ་ཐབས་སོགས་སྣ་ཚོགས་བྱས་དང་བྱེད་བཞིན་པར། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྲིད་གཞུང་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག གསར་འགོད་པ་དང་རྩོམ་པ་པོ་སོགས་སུ་ཞིག་ཡིན་རུང་།་བོད་ནང་གི་བོད་མི་ཚོའི་དངོས་ཡོད་ཀྱི་གནས་སྟངས་དང་། རྒྱ་གཞུང་གི་ཁ་ཁོག་དང་ལག་ལེན་མི་མཚུངས་པའི་གནས་སྟངས་ལ་ཞིབ་འཇུག་དཔྱིས་ཕྱིན་བྱས་ཏེ། བོད་མི་མང་གི་ཚེ་སྲོག་དང་དཀའ་ངལ་སེལ་བར་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས་ཞེས་འབོད་སྐུལ་ནན་གྱིས་ཞུ་རྒྱུ་ཡིན།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ ༤ ཚེས་ ༡༦ ལ།