རྒྱལ་གཅེས་དཔའ་བོ་འཕགས་མོ་བསམ་གྲུབ་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་གནང་བའི་སྐོར་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༥ ཉིན་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༩།༣༠ ཡས་མས་སུ་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་གྲོང་སྡེའི་ཉེ་འཁྲིས་སུ་ཡོད་པའི་བན་ཆེན་ཉིན་སློབ་གཉིས་པའི་ཉེ་འདབས་སུ། མགོན་ཤུལ་སྒར་པ་ནས་ཡིན་པ་རང་ལོ་ ༢༧ ཅན་རྒྱལ་གཅེས་པ་འཕགས་མོ་བསམ་གྲུབ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད། ཡུན་རིང་མ་སོང་བ་རྒྱ་དམག་གིས་བཙན་འཁྱེར་བྱས་ཡོད་པར་བརྟེན་ད་ལྟའི་ཆར་ཁོང་ས་གནས་གང་དུ་འཁྱེར་ཡོད་མེད་དང་། འཆི་གསོན་གྱི་གནས་ཚུལ་གསལ་པོ་མ་ཤེས་པར་ལྷག་ཡོད། ཁོང་ནི་སྔགས་པ་ཞིག་ཡིན་འདུག་པ་དང་བཟའ་ཟླ་གཉིས་ལ་བུ་གཅིག་དང་བུ་མོ་གཅིག་བཅས་ཕྲ་གུ་གཉིས་ཡོད་འདུག རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་རྗེས། རྒྱ་གཞུང་གིས་ས་གནས་བརྒྱུད་ལམ་ཚང་མར་དམ་དྲག་བྱས་ཡོད་པ་མ་ཟད། ས་གནས་སུ་དམག་མི་དང་ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་མི་མང་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད།

125

 

ཕྱི་ལོ་ ༢༠༠༩ ནས་ད་བར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་དང་གཡོན་ཐལ་ཅན་གྱི་སྲིད་བྱུས་ལ་བརྟེན་ནས། བོད་ནང་གི་བོད་མི་ ༡༢༥ ཙམ་གྱིས་རང་ལུས་མེར་སྲེག་གནང་དགོས་བྱུང་ཡོད་ཀྱང་རྒྱ་གཞུང་གིས་ད་དུང་ཡང་བོད་མིའི་མངོན་འདོད་ལ་བསམ་ཞིབ་དང་། བོད་ཐོག་འཛིན་པའི་མཁྲེགས་བཟུང་གི་སྲིད་ཇུས་ལ་སྒྱུར་བཅོས་གང་ཡང་བཏང་མེད། དེ་ལས་ལྡོག་སྟེ་རང་ལུས་མེར་སྲེག་གནང་མཁན་གྱི་ནང་མི་དང་ཉེ་འབྲེལ། གྲོང་མི། ཁྱིམ་མཚེས་སོགས་ལ་ཉེས་འཛུགས་སྣ་ཚོགས་ཀྱིས་བཙོན་འཇུག་མནར་གཅོད་གཏོང་གི་ཡོད། ད་དུང་བོད་ཀྱི་ས་གནས་འབྲི་རུ་ཡིན་པ་ངག་དབང་འཇམ་དབྱངས་ལགས་ལོ་སྔོན་མའི་ཟླ་ ༡༡ ཚེས་ ༢༣ འཛིན་བཟུང་བྱས་པ་གཅར་རྡུང་གིས་རྐྱེན་ལམ་དུ་བཏང་ཡོད་པ་དང་། ཡང་དེའི་ཟླ་ ༡༢ ནང་དཀོན་མཆོག་གྲགས་པ་འཛིན་བཟུང་བྱས་ཡོད་པ། ལོ་འདིའི་ཟླ་ ༡ དང་པོའི་ནང་གཅར་རྡུང་གིས་རྐྱེན་ལམ་དུ་བཏང་ཡོད། ད་དུང་བཙོན་འཇུག་ཁྲིམས་ཐག་བཅད་པའང་མང་པོ་བྱུང་འདུག་པ་སོགས། འདི་དང་འདི་འདྲ་བ་བོད་ཀྱི་ས་གནས་གང་སར་རྒྱ་གཞུང་གིས་བཙོན་འཇུག་དང་མནར་གཅོད། རྐྱེན་ལམ་གཏོང་བཞིན་པའི་སྲིད་བྱུས་ལ་བརྟེན་ནས་བོད་མི་ཚོས་རང་ལུས་མེར་སྲེག་གིས་ཞི་རྒོལ་དེ་བྱས་དགོས་བྱུང་ཡོད་པ་ཟུར་བལྟས་ལེབ་མཐོང་ཆགས་ཡོད།

 

རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་དང་བདེ་སྐྱིད་ལྡན་ཚུལ་དང་རང་ལུས་མེར་སྲེག་གི་གནས་ཚུལ་གང་ཡང་བྱུང་མེད་ལུགས་སོགས། དོན་དངོས་སྦས་འགེབ་དང་འགན་འཁུར་མེད་པའི་དྲིལ་བསྒྲགས་ལོག་པ་སྤེལ་དང་སྤེལ་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད། གཡས་ཁག་གཡོན་དཀྲི་མེད་པར་བོད་མིའི་རང་དབང་དང་མངོན་འདོད་ཀྱི་འབོད་སྒྲ་ཉན་འཇོག་དང་། བོད་མིའི་ཚེ་སྲོག་ལ་བརྩི་བཀུར་དགོས་པ། རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་ཕ་མ་དང་བཟའ་ཟླ་བུ་ཕྲུག་རྣམས་ཀྱིས་གཙོས་སྤུན་མཆེད་ཉེ་འབྲེལ་ཚོར་ཉེས་མེད་ཉེས་འཛུགས་ཀྱིས་གང་བྱུང་འཛིན་བཟུང་གིས་སྡུག་སྦྱོང་དང་ཁྲིམས་ཐག་བཅད་དང་གཅོད་བཞིན་པ་དེ་རིགས་འཕྲལ་དུ་མཚམས་འཇོག་དང་གློད་གྲོལ་གཏོང་དགོས་ལ། བོད་མིའི་ཚེ་སྲོག་དང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་གནང་མཁན་གྱི་གཞུང་དང་གྲོས་ཚོགས། ཚོགས་སྡེ་ཡོངས་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་སུ་སྔར་ལྷག་ནུས་ཤུགས་འདོན་དགོས་པའི་དུས་ལ་བབ་ཡོད་པས། རྒྱ་གཞུང་གི་མཁྲེགས་འཛིན་སྲིད་བྱུས་སྒྱུར་བཅོས་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་གནོན་ཤུགས་སྔར་ལྷག་སྤྲོད་དགོས་པའི་འབོད་སྐུལ་ནན་བརྗོད་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༠ ཉིན།